ཡིན་ན་ཡང་དོན་ངོ་མ་འབོད་སྒྲ་དེ་ག་རེ་ཡིན་མིན་དང་། ཡང་ག་རེ་བྱས་ནས་དེ་ལ་རྩོད་གླེང་དང་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་ཟེར་བ་ནི་དྲི་བ་ཞིག་ཆགས་ཀྱི་ཡོད།
ཕྱི་ལོ་ ༢༠༡༧ ལོར་གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ ༢༥༠ ཙམ་ས་གནས་ཨུ་ལུ་རུ་ Uluru ལ་ལྷན་འཛོམས་དང་སྐབས་དེར་ཨུ་ལུ་རུ་ནས་སེམས་ཀྱི་བསྒྲགས་གཏམ་ཞེས་པའི་གདོད་མའི་མི་རིགས་ཀྱི་ཐོབ་ཐང་དང་དགོས་འདུན་སྐོར་ལ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།
འབོད་སྒྲ་བསྒྲགས་གཏམ་དེའི་ནང་སྙན་ངག་གི་ཚིག་བརྗོད་ལྡན་པའི་ནང་དོན་ལ་འབོད་སྒྲ་དང་། ཆིངས་ཡིག བདེན་པ་བཅས་ཚིག་དོན་གསུམ་གྱི་ནང་བསྡུས་ཡོད་པ་རེད།
སློབ་དཔོན་མེ་གྷན་ཌ་ཝེ་སི་ Megan Davis ལགས་ནི་སྤྱི་དམངས་བསམ་ཤོག་ལྷན་ཁང་གི་ཚོགས་མི་ཞིག་རེད།
ཁོ་མོས་ང་ཚོས་རྩ་ཁྲིམས་ལ་བསྒྱུར་བཅོས་བཏང་ནས་ང་ཚོའི་མི་རིགས་ལ་སོ་སོའི་རང་ཉིད་ཀྱི་རྒྱལ་ཁབ་ནང་འོས་ཤིང་འཚམ་པའི་ཐོབ་ཐང་ཞིག་རག་རྒྱུའི་རེ་བ་རྒྱག་གིན་ཡོད། ང་ཚོ་རང་ཉིད་ཀྱི་ལས་དབང་ལ་དབང་ཆ་ཡོད་པའི་སྐབས་སུ་ང་ཚོའི་བྱིས་པ་རྣམས་མ་འོངས་པའི་མདུན་ལམ་ཕུན་སུམ་ཚོགས་པ་ཞིག་ཡོང་ངེས་རེད། ཁོང་ཚོས་མ་འོངས་པར་འཛམ་གླིང་གཉིས་ཀྱི་ནང་གོམ་པ་རྒྱག་ནས་ཁོང་ཚོའི་རིག་གཞུང་དེ་ཁོང་ཚོའི་རྒྱལ་ཁབ་ལ་ལེགས་སྐྱེས་ཕུལ་ཐུབ་ཀྱི་རེད། ང་ཚོས་མི་རིགས་དང་པོ་ཚོའི་འབོད་སྒྲ་དེ་རྩ་ཁྲིམས་ནང་བཀོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་འདུག
གདོད་མའི་མི་རིགས་ཀྱི་འབོད་སྒྲ་དགོས་འདུན་དེ་བཏོན་ནས་ལོ་དྲུག་ཕྱིན་རྗེས་ད་ཆ་ཨོ་སི་ཊོ་ལི་ཡས་དགོས་འདུན་འབོད་སྒྲ་དེ་དང་འབྲེལ་བའི་རྩ་ཁྲིམས་འགྱུར་བ་གཏོང་དགོས་མིན་ཐད་འོས་བསྡུ་བྱ་རྒྱུ་ཡིན་པ་རེད།
ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ལ་ Yes དང་ No ཞེས་དྲི་བ་དྲིས་ལན་ལ་འོས་ཤོག་བསྡུ་རྒྱུ་དང་།
དྲི་བ་དྲིས་ལན་ནང་ཨོ་སི་ཊོ་ལི་ཡའི་མི་རིགས་དང་པོ་ཨེ་བྷོ་རེ་ཇེ་ནར་དང་ཐོ་རེ་སི་གླིང་ཕྲན་གྱི་མི་རྣམས་ཀྱི་དགོས་འདུན་འབོད་སྒྲ་དེ་ངོས་འཛིན་གྱིས་རྩ་ཁྲིམས་འགྱུར་བ་གཏོང་རྒྱུར་ཁྱེད་ཀྱིས་རྒྱབ་སྐྱོར་ཡོད་མེད་དྲི་བ་དྲིས་ཡོད།
དོན་ངོ་མ་འབོད་སྒྲ་དེ་གང་འདྲ་ཞིག་རེད་དམ།
གཞུང་གི་མི་རིགས་དང་པོ་ཚོའི་དགོས་འདུན་བསམ་ཤོག་ལས་དོན་ཚོགས་ཆུང་གིས་འབོད་སྒྲ་དེའི་ནང་དོན་ནི། མ་འོངས་པར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་གདོད་མའི་མི་རིགས་ཚོའི་གཏན་འཇག་གི་སྐུ་ཚབ་ཚོགས་ཆུང་དང་། གཞུང་གི་བཅའ་ཁྲིམས་ལག་བསྟར་བྱེད་མཁན་གྱི་རྒྱུན་ལས། ཨེ་བྷོ་རེ་ཇེ་ནར་དང་ཐོ་རེ་སི་གླིང་ཕྲན་གྱི་མི་རྣམས་ལ་དམིགས་བསལ་གྱི་སྲིད་ཇུས་བཅས་དགོས་ཀྱི་ཡོད་པའི་དགོས་འདུན་བཏོན་ཡོད་ཅེས་བཀོད་འདུག
བསམ་ཤོག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཕེ་ཊི་ཨན་ཌོར་སོན་ Pat Anderson ལགས་ཀྱིས་འབོད་སྒྲ་དེ་ནི་དགོས་ངེས་ཤིག་དང་ཨོ་སི་ཊོ་ལི་ཡས་ངེས་པར་དུ་མི་རིགས་དང་པོ་ཚོའི་གནད་དོན་ཐད་ལས་དོན་སྔར་ལས་ལེགས་པ་བསྒྲུབ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཁོ་མོས་དེ་ནི་ཡོངས་ཁྱབ་ཀྱི་དངོས་ཡོད་རིང་ལུགས་ཐོག་ནས་བཤད་ན། ཁྱེད་རང་འགྲོ་བ་མིའི་ཐག་གཅོད་རང་བཞིན་གྱི་ལས་དོན་ཞིག་གི་ནང་མཉམ་ཞུགས་བྱེད་བཞིན་ཡོད་ཚེ། ཁྱེད་ཀྱིས་ཐག་གཅོད་སྔ་ལས་ལེགས་པ་ཞིག་དང་སྔར་ལས་ལྷག་པའི་སྒོ་ནས་དགོས་ངེས་ཀྱི་མཐུན་རྐྱེན་ཡོད་ཚད་བཀོད་སྒྲིག་བྱེད་དགོས། དེ་ནི་མང་གཙོ་རིང་ལུགས་གང་འདྲ་ཞིག་ཡིན་རུང་གཞི་རྩའི་རྩ་དོན་ཞིག་རེད། ཁྱེད་རང་གིས་ཤེས་གསལ་ལྟར་ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་ནང་གུ་ཡངས་ཀྱི་མང་གཙོ་རིང་ལུགས་ཁ་ཤས་ཡོད་པའི་ནང་གི་གཅིག་རེད། ཡིན་ན་ཡང་མི་རིགས་དང་པོ་ཚོ་ལ་ད་བར་གཞིས་ཆགས་དང་འཚོ་བ་བཀོད་སྒྲིག་ཅིག་བྱས་ཐུབ་མེད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་མཐུན་འགྲིག་ཅེས་པའི་ཚོགས་པ་དེས་ཨེ་བྷོ་རེ་ཇི་ནར་དང་ཐོ་རེ་སི་གླིང་ཕྲིན་གྱི་མི་རྣམས་ཀྱིས་རྣམ་པ་གཅིག་དང་ཡང་ན་རྣམ་པ་གཞན་ཞིག་གི་ཐོག་ནས་དུས་རབས་གཅིག་ལ་ཉེར་བར་ཆབ་སྲིད་ཀྱི་འབོད་སྒྲ་སྒྲོག་ཡོད་སྐོར་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་བློན་ཆེན་ལིན་ཌ་བྷུར་ནེ་ Linda Burney ལགས་ཀྱིས་འབོད་སྒྲ་དེ་གཟི་བརྗིད་ལྡན་པ་ཞིག་ཡོང་བར་བྱེད་དགོས་པ་དང་། རྒྱུ་མཚན་སྟབས་བདེ་ཞིག་བཤད་ན་དེ་ནི་གདོད་མའི་རིགས་ཀྱི་དབུ་ཁྲིད་ཚོས་རེ་སྐུལ་ཇི་བཞིན་ཆགས་ཀྱི་ཡོད་ཅེས་བརྗོད་འདུག
ཁོ་མོས་ཨོ་སི་ཊོ་ལི་ཡའི་རྩ་ཁྲིམས་བཟོས་ནས་ལོ་ ༡༢༢ སོང་བ་དང་། ཝི་ལམ་ཀོ་ཕིར་ William Cooper ཡིས་རེ་འདུན་ཞུ་ཡིག་ཕུལ་ནས་ལོ་ ༨༠ ལྷག་ཙམ་སོང་བ། བྷུ་རུན་གྷ་བསྒྲགས་གཏམ་ Burunga statement སྤེལ་ནས་ལོ་ ༣༥ ཕྱིན་པ། སྲིད་བློན་ཟུར་པ་ཁེ་ཊིན་གྱི་གཏམ་བཤད་སྤེལ་ནས་ལོ་ ༣༠ ཕྱིན་པ། སྲིད་བློན་ཟུར་པ་ཇོན་ཧོ་ཝར་ཌི་ John Howard ཡིས་ངོས་འཛིན་བསམ་ཤོག་ཁས་ལེན་བྱས་ནས་ལོ་ ༡༦ ཕྱིན་པ་རེད། གདོད་མའི་མི་རིགས་ལ་དགོངས་དག་ཞུས་ནས་ལོ་ ༡༥ ཕྱིན་པ་རེད། རྩ་ཁྲིམས་ནང་ངོ་འཛིན་སྐོར་ཆེད་མཁས་མི་སྣས་བགྲོ་གླེང་ཚོགས་ནས་ལོ་ ༡༣ ཕྱིན་པ་རེད། ཨུ་ལུ་རུ་ནས་བསྒྲགས་གཏམ་སྤེལ་ནས་ལོ་ ༦ ཕྱིན་པ་རེད། དྲི་བ་དེར་ངེས་པར་དུ་ལན་རྒྱག་དགོས། ཨེ་བྷོ་རེ་ཇེ་ནར་དང་ཐོ་རེ་སི་གླིང་ཕྲན་གྱི་མི་རྣམས་ཀྱིས་ངོས་འཛིན་ཐོབ་པར་ད་དུང་དུས་ཡུན་ག་ཚོད་བར་སྒུག་དགོས་པ་རེད། ང་ཚོས་དུས་ནམ་ཞིག་ལེགས་གྲུབ་མ་བྱུང་བའི་ལས་དོན་འདི་ཐག་གཅོད་བྱེད་ཐུབ་ཀྱི་རེད་དམ་ཅེས་གསུངས་འདུག
འོ་ན་ཅིའི་ཕྱིར་འབོད་སྒྲ་དེ་རྩ་ཁྲིམས་ནང་བཀོད་དགོས་སམ།
དེ་ལ་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་དེ་ནི་སྟབས་བདེའི་སྒོ་ནས་དེ་སྔོན་ལྟར་བཅའ་ཁྲིམས་བཟོ་ཆོག་གི་ཡོད་སྐོར་བརྗོད་བཞིན་ཡོད།
གདོད་མའི་མི་རིགས་ཀྱི་དབུ་ཁྲིད་ཚོས་མ་འོངས་པར་གཞུང་སུ་ཞིག་གིས་ཀྱང་ཤུགས་རྐྱེན་དང་ཐོབ་ཐང་མེད་པ་བཟོ་མི་ཐུབ་པའི་དེ་སྔོན་གྱི་སློབ་སྟོན་ཚོགས་པ་དཔེར་ན་ཨེ་ཊི་སི་ཀེ་ ATSIC (ཨེ་བྷོ་རི་ཇེ་ནར་དང་ཐོ་རི་སི་གླིང་ཕྲན་གྱི་ལས་དོན་ལྷན་ཁང་) ལྟར་བུ་ཞིག་དགོས་ཀྱི་ཡོད་སྐོར་བརྗོད་བཞིན་ཡོད།
འབོད་སྒྲ་དེ་ཨུ་ལུ་རུའི་བསྒྲགས་གཏམ་ནང་གི་རེ་འབོད་བདེན་པ་དང་ཆིངས་དོན་གྱི་སྔོན་ནས་ཡོང་དགོས་དོན་ག་རེ་རེད་ཟེར་ན།
བསམ་ཚུལ་སྤེལ་མཁན་ཚོས་རྒྱུ་མཚན་ནི་ཆིངས་ཡིག་ཅིག་མངོན་འགྱུར་ཡོང་བར། གཞུང་གིས་འཐུས་ཚབ་ལྷན་ཚོགས་ཤིག་དང་མཉམ་དུ་ད་ལྟ་མངོན་འགྱུར་བྱས་མེད་པའི་གནད་དོན་སྐོར་གྲོས་མོལ་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་བཞིན་ཡོད།
མི་མང་གི་བསམ་ཚུལ་ཚོད་ལྟའི་ནང་གསལ་ལྟར་ན་ཨོ་སི་ཊོ་ལི་ཡའི་མི་མང་གཞི་རྒྱ་ཆེན་པོས་གདོད་མའི་མི་རིགས་ཀྱི་མངོན་འདོད་རྩ་ཁྲིམས་ནས་ངོས་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད།
ཡིན་ན་ཡང་རྩོད་གླེང་མུ་མཐུད་འགྲོ་བཞིན་པ་འདིས་དམིགས་བསལ་འབོད་སྒྲ་གྲོས་འཆར་འདིར་རྒྱབ་སྐྱོར་ཐོབ་རྒྱུར་འགོག་རྐྱེན་ཡང་འཕྲད་བཞིན་ཡོད།
གཞུང་གིས་གྲོས་འཆར་འདིར་སྲིད་དོན་ཚོགས་པ་ཕྱོགས་གཉིས་ཀས་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བརྒྱབ་ཡོད་པ་དང་། ལོ་རྒྱུས་ཐོག་བལྟས་ན་བསམ་འཆར་འོས་བསྡུ་དེ་འདྲ་ཆབ་སྲིད་ཚོགས་པ་ཕྱོགས་གཉིས་ཀས་རྒྱབ་སྐྱོར་མེད་ན་གྲུབ་འབྲས་ཐོན་ཐུབ་ཀྱི་མེད། ཡིན་ནའང་མཉམ་འབྲེལ་སྲིད་དོན་ཚོགས་པས་རྒྱབ་སྐྱོར་མེད་པའི་ལས་འགུལ་དེ་ད་ཆ་ཕྱིར་འཐེན་བྱས་ཡོད།
ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཕེ་ཊར་ཌོན་ཊོན་ Peter Dutton གྱིས་གྲོས་གཞི་དེ་ལ་”ཁེམ་བྷེ་རའི་འབོད་སྒྲ་”ཞེས་མིང་འདོགས་བཏགས་ཡོད་པ་རེད།
ཁོང་གིས་གལ་སྲིད་འབོད་སྒྲ་གྲོས་གཞི་དེར་རྩ་ཁྲིམས་ནང་བཅུག་ཐུབ་པ་ཡིན་ན་གྲོས་ཚོགས་ཀྱིས་དེར་འགྱུར་བ་གཏོང་མི་ཐུབ་པ་དང་དེའི་སྒང་ལ་ཁྲིམས་སྒྲིག་གཞི་བཟོས་ནས་རྩིས་མེད་གཏོང་མི་ཐུབ། གྲོས་ཚོགས་ཀྱིས་རྩ་ཁྲིམས་སྒང་ལ་བཅའ་ཁྲིམས་བཟོ་མི་ཐུབ་ཅེས་གསུངས་འདུག
ཕྱོགས་འགལ་ཚོགས་པའི་གདོད་མའི་མི་རིགས་ཀྱི་གནད་དོན་སྐོར་ཞིབ་དཔྱོད་འགན་འཛིན་དང་མགྲིན་ཚབ་མ་ཇཱ་ཤི་ཏ་ Jacinta Nampijinpa ཁོ་མོ་ནི་ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་མངའ་སྡེ་ནས་གྲོས་ཚོགས་གོང་མའི་འཐུས་མི་ཤིག་ཀྱང་རེད། ཁོ་མོས་རེ་འདུན་དེས་ལག་ལེན་ཐོག་ནས་ཕན་ཐོགས་ཡོད་པ་ཞིག་དང་དེའི་སྐོར་རྩོད་གླེང་གིས་གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་འབབ་མི་ཐུབ་པའི་དཀའ་ངལ་སྤྲོད་བཞིན་ཡོད་སྐོར་བརྗོད་འདུག
ཁོ་མོས་ང་ཚོས་བསམ་ཤོག་འོས་བསྡུ་དེ་མ་ཚར་བར་དུ་ངང་སྒུག་བྱེད་དགོས་པ་དང་གནད་དོན་ངོ་མའི་ཐོག་ལ་གཏམ་བཤད་གང་ཡང་བྱས་མ་སོང་། གང་ཡིན་ཟེར་ན་ཨལ་བྷ་ནིང་སི་གཞུང་གིས་གྲོས་ཚོགས་ལ་འབོད་སྒྲ་དེའི་ཐོག་ནས་ང་ཚོའི་གནད་དོན་ཁག་པོ་ཁག་ཅིག་སེལ་འགྲོ་རྒྱུའི་བསམ་འཆར་བཏོན་བཞིན་ཡོད་ཀྱང་དེ་ནི་ལྡོག་ཕྱོགས་རང་བཞིན་ཞིག་དང་ཡོང་ཡ་མེད་པ་ཞིག་རེད། མ་ཚད་དེ་ནི་གདོད་མའི་མི་རིགས་ཀྱི་བློན་ཆེན་གྱི་ལས་འགན་ཞིག་ཀྱང་ཡིན་པས་དེའི་ཐོག་ལ་སེམས་འཁུར་དང་ད་ལྟ་རང་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
སྐྱོན་བརྗོད་གཞན་པ་ནི་འབོད་སྒྲ་གྲོས་གཞི་དེ་ཞིབ་ཕྲ་མེད་པའི་སྐྱོན་བརྗོད་དང་། གནས་ཚུལ་དེའི་ཐོག་ནས་བཅའ་ཁྲིམས་ཐད་དཀའ་ངལ་འཕྲད་སྲིད་པ་སོགས་བརྗོད་བཞིན་ཡོད།
ཝ་རན་མུན་ཌེན་ Warren Mundine ལགས་ནི་གྲོས་གཞི་དེར་རྒྱབ་སྐྱོར་མེད་པའི་ལས་འགུལ་སྤེལ་མཁན་གྱི་མགྲིན་ཚབ་པ་ཞིག་རེད།
ཁོང་གིས་ངའི་བསམ་པར་གྲོས་ཚོགས་ལ་གྲོས་གཞི་འབོད་སྒྲ་དེ་ནི་སྒོར་མོ་འཕྲོ་བརླག་རང་རེད་བསམས་ཀྱི་ཡོད། གྲོས་འཆར་དེར་ཁྱོན་ཨོ་སྒོར་ས་ཡ་ ༣༠༠ ཡས་མས་ཤིག་འགྲོ་སོང་གཏོང་གི་ཡོད་རེད། སྒོར་མོ་དེ་སྤྱི་ཚོགས་ནང་ལས་འཆར་དེ་འདྲ་དང་ས་གནས་ཁུག་ཀྱོག་དེ་ཚོའི་ནང་གཏོང་ཆོག་གི་རེད། ཨེ་བྷོ་རི་ཇེ་ནར་གྱི་མི་ལ་འབོད་སྒྲ་གང་ཡང་མེད། ང་ཚོ་ལ་རྒྱུན་དུ་ནས་འབོད་སྒྲ་ཞིག་ཡོད་རེད། དེ་ནི་ཕྱི་ལོ་ ༡༩༧༣ ནས་བཟུང་སྟེ་ང་ཚོ་ལ་སྟོབས་ཤུགས་ལྡན་པའི་འབོད་སྒྲ་ཞིག་ཡོད།
ངའི་བསམ་ཚུལ་བྱས་ན་ང་ཚོའི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པ་རེད། ལས་ཀ་དང་ཤེས་ཡོན་ཡར་རྒྱས་གཏོང་དགོས་པ་རེད། ཚོང་ལས་དང་ཚོགས་སྡེ་མ་འཇོག་བྱེད་དགོས་པ་རེད། དེ་གཅིག་པུས་ང་ཚོས་མ་འོངས་པར་འགྱུར་བ་ཞིག་གཏོང་ཐུབ་ཀྱི་རེད་བསམ་གྱི་ཡོད་ཅེས་གསུངས་འདུག