ཨོ་གླིང་ནང་བཙན་གཡེམ་གྱི་གནད་དོན་ལྷག་སྐབས་ཞུ་གཏུགས་བྱེད་དགོས་པ་ཡིན།

What happens when you report non-consensual sex or rape to the police in Australia.jpg

ཨོ་སི་ཊོ་ལི་ཡའི་ནང་བཙན་གཡེམ་ནི་ནག་ཉེས་ཤིག་ཡིན་ཞིང་། གལ་སྲིད་མི་སུ་ཞིག་གིས་བཙན་དབང་དང་། འཇིགས་སྐུལ། ཡང་ན་མགོ་སྐོར་བསླུ་བྲིད་སོགས་གནས་སྟངས་གང་གི་འོག་ནས་ཀྱང་ཆགས་སྤྱོད་ཀྱི་བྱ་བ་སྤེལ་ཚེ་དེ་ནི་ནག་ཉེས་དང་། གནས་ཚུལ་དེ་ཉེན་རྟོག་པར་ཞུ་གཏུགས་བྱེད་དགོས་པ་ཡིན།


ཨོ་སི་ཊོ་ལི་ཡའི་ནང་ཉིན་ལྟར་ཆགས་སྤྱོད་རང་བཞིན་གྱི་གནོད་འཚེ་ཐེབས་མཁན་གྱི་ཞུ་གཏུགས་གྲངས་ ༨༥ ཙམ་རེ་འབྱོར་གྱི་ཡོད། ཉམས་ཞིབ་པ་ཚོས་སྤྱིར་སྟངས་ཨོ་སི་ཊོ་ལི་ཡའི་ནང་གཞོན་སྐྱེས་གསུམ་རེའི་ནང་ནས་གཅིག་ལ་མི་ཚེའི་ནང་འདོད་མོས་མེད་བཞིན་དུ་ཆགས་སྤྱོད་ཀྱི་གནོད་འཚེ་ཐེབས་མྱོངས་ཡོད་སྐོར་བརྗོད་འདུག

གལ་སྲིད་ཁྱེད་རང་བཙན་གཡེམ་ཕོག་མཁན་དང་ངོས་འཛིན་གཅིག་མཐུན་མིན་པའི་ཆགས་སྤྱོད་ཀྱི་གནོད་འཚེ་ཐེབས་མཁན་ཞིག་ཡིན་ཚེ། གནད་དོན་དེ་ཞུ་གཏུགས་བྱ་རྒྱུ་ཐད་བསམ་བློ་བཏང་ནས་དྲང་བདེན་གྱི་ཐག་གཅོད་གཅིག་ཡོང་ཐབས་བྱེད་ཆོག འོན་ཀྱང་ཐག་གཅོད་འདི་དང་མཉམ་དུ་སེམས་ལ་བརྡབ་གསིག་ཡོང་སྲིད་པ་ཡིན།

བཙན་གཡེམ་གྱི་གནད་དོན་ཐད་ཞུ་གཏུགས་ཁག་ཅིག་སྒྲིག་ཆས་གྱོན་མཁན་ཉེན་རྟོག་པ་བརྒྱུད་ནས་ཡོང་གི་ཡོད་པ་དང་། ཞུ་གཏུགས་ཁག་ཅིག་ནི་ཁ་ཐུག་ང་ཚོའི་ལས་ཁུངས་ལ་ཡོང་ནས་ཞུ་གཏུགས་བྱེད་ཀྱི་འདུག ང་ཚོར་རྨས་སྐྱོན་ཕོག་མཁན་གྱི་མི་ཞིག་ཐུག་བྱུང་བས་ཁོང་གི་སེམས་ལ་ཕོག་ཐུག་གི་གནས་སྟངས་ཚད་མཐོ་པོ་རེད་འདུག་ཅེས་

ཝི་ཊོ་རི་ཡའི་ཉེན་རྟོག་པ་རྒན་པ་སར་ཇན་ཊི་མོ་རེ་ཁོ་ཁེ་ལའེ་ Sergeant Monique Kelley ལགས་ཀྱིས་འགྲེལ་བརྗོད་གནང་འདུག ཁོ་མོས་དུས་རྒྱུན་དམིགས་བསལ་གྱི་རུ་ཁག་ཅིག་གི་སྣེ་ཁྲིད་ནས་ཆགས་སྤྱོད་ཀྱི་གནས་ཚུལ་སྐོར་རྟོགས་ཞིབ་བྱེད་བཞིན་ཡོད་འདུག ཁོང་ཚོས་ལས་དོན་གཙོ་བོར་གནོད་འཚེ་ཕོག་མཁན་རྣམས་ལ་རོགས་རམ་བྱ་རྒྱུ་འགན་འཁུར་ཕུད། ད་དུང་ཁོང་ཚོས་སྙན་ཐོ་བཏོན་པ་དང་དཔངས་རྟགས་མཁོ་སྤྲོད་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་འདུག

 ཁོ་མོས་ང་ཚོས་ལ་དམིགས་འབེན་ལས་དོན་བཞི་ཡོད་པའི་ནང་། དང་པོ་གནོད་འཚེ་ཕོག་མཁན་སྲུང་སྐྱོབ་དང་ཁོང་ཚོར་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན། དེའི་རྗེས་ལ་ང་ཚོས་ཞུ་གཏུགས་ཀྱི་གནས་ཚུལ་ཚང་མ་རྟོགས་ཞིབ་བྱེད་ཀྱི་ཡོད། གལ་སྲིད་ནག་ཉེས་ངོས་འཛིན་བྱུང་ཚེ་དཔངས་རྟགས་ཁག་བསྡུ་རུབ་དང་། ཉེས་ཅན་པ་ངོས་འཛིན་བྱུང་རྗེས་འཛིན་བཟུང་དང་ཁྲིམས་ཁང་ལ་སྐྱེལ་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཆགས་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་རྣམས་ལ་ཡིད་ཆེས་འོས་པའི་རོགས་རམ་བྱེད་མཁན་དང་མཉམ་དུ་ཉེན་རྟོག་ཁང་ལ་བསྐྱོད་ནས་ཞུ་གཏུགས་དགོས་པའི་སྐུལ་འདེད་དང་། དེའི་ཐོག་ནས་དཔང་རྟགས་བསྡུ་རུབ་དང་ཉེན་རྟོག་པའི་སྙན་ཐོ་བསྡུ་རུབ་སོགས་ཀྱི་ལས་དོན་བརྒྱུད་དགོས་ཀྱི་ཡོད་པ་རེད།

ངས་རྟགས་པར་ངའིི་ལས་རོགས་རྟོགས་ཞིབ་བྱེད་མཁན་རྣམས་ལ་ཞུ་གཏུགས་བྱེད་མཁན་རྣམས་ལ་སྐད་ཆ་བཤད་སྐབས། ཁོང་ཚོ་ཉེན་རྟོགས་ལས་ཁུངས་ལ་ཡོང་ནས་ཞུ་གཏུགས་བྱ་རྒྱུ་དེ་མཚམས་རེར་གནད་དོན་ཆེ་ཤོས་དང་སེམས་ལ་དཀའ་ངལ་ཆེ་ཤོས་ཤིག་ཚོར་གྱི་ཡོད་པས། ང་ཚོས་ཁོང་ཚོ་ལ་དུས་ཚོད་བཏང་ནས་ཁོང་ཚོའི་སྐད་ཆ་ཉན་དགོས་པ་དང་ཁོང་ཚོས་ག་རེ་བཤད་རུང་ང་ཚོས་གུ་ཡངས་པོ་ཐོག་ནས་ཉན་དགོས་པ་རེད་ཅེས་དྲན་གསོ་གཏོང་གི་ཡོད་ཅེས་གསུངས་འདུག

གལ་སྲིད་གནོད་འཚེ་ཕོག་མཁན་དེས་གནོད་འཚེ་ཕོག་ནས་ཆུ་ཚོད་ཁ་ཤས་ནང་ཚུད་ལ་འབྲེལ་ཡོད་མི་སྣར་སྙན་སེང་ཞུས་ཚེ། ཁོང་ཚོས་སྨན་བཅོས་དང་། ཁྲིམས་ཐོག་ནས་རོགས་རམ། ད་དུང་སེམས་གསོ་རོགས་རམ་སོགས་གནང་གི་ཡོད། ད་དུང་ཁོང་ཚོས་སྨན་བཅོས་བརྟག་དཔྱད་བརྒྱུད་དཔང་རྟགས་མཁོ་སྒྲུབ་སོགས་ཀྱི་རོགས་རམ་གནང་གི་ཡོད།

བཙན་གཡེམ་གྱི་གནོད་འཚེ་ཕོག་མཁན་ནི་བུད་མེད་ཡིན་ཞིང་། ཁོང་ཚོས་རྒྱུན་དུ་བུད་མེད་སྨན་པ་བསྟེན་ཐབས་དང་ལས་བྱེད་བུད་མེད་དེ་འདྲ་རག་ཐབས་བྱེད་བཞིན་ཡོད། ཡིན་ན་ཡང་རྟགས་པར་དེ་འདྲ་རག་ཐུབ་ཀྱི་མེད་པ་རེད།

ཞུ་གཏུགས་སྐབས་ཉེན་རྟོག་པའི་སྙན་ཐོ་མཉམ་དུ་འབུལ་དགོས་ཀྱི་ཡོད་ཀྱང་མཚམས་རེར་ཉིན་དེ་རང་ལ་མཉམ་དུ་སྒྲུབ་ཐུབ་ཀྱི་མེད།

ཁྲིམས་རྩོད་པ་མེ་ཤལ་བྷ་ཌ་ལའེ་ Michael Bradley ལགས་ནི་ལོ་ངོ་མང་པོ་རིང་ཆགས་སྤྱོད་དང་འབྲེལ་བའི་ཚབས་ཆེ་བའི་གནད་དོན་ཐོག་ལས་ཀ་བྱེད་མཁན་ཞིག་རེད། ཁོང་གིས་ཁྲིམས་ལུགས་སྒྱུར་བཅོས་བཏང་ནས་ཆགས་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་སྔར་ལས་ལེགས་པར་ཐོབ་ཐབས་བྱ་དགོས་པའི་དགོངས་ཚུལ་བཏོན་བཞིན་ཡོད།

གནད་དོན་དེ་འདྲའི་སྐོར་སྙན་ཐོ་འདོན་རྒྱུ་དང་ད་དུང་གསལ་བསྒྲགས་སྤེལ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཞིག་རེད། ཡིན་ན་ཡང་ལམ་ལུགས་ཐོག་ནས་གནོད་འཚེ་ཕོག་མཁན་རྣམས་ཀྱི་དུས་གཅིག་ལ་གནས་ཚུལ་ཆ་ཚང་ཤོག་ཐོག་ཏུ་འཁོད་ཐུབ་པ་དགོས་ཀྱི་འདུག མ་གཏོགས་ཕྱིས་སུ་གནས་ཚུལ་ཁ་སྣོན་དང་ཡོ་སྲང་བྱེད་དགོས་པ་དེ་འདྲ་བྱུང་ཚེ་གནོད་འཚེ་ཕོག་མཁན་ལ་དཀའ་ངལ་འཕར་མ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

བརྩད་ཞིབ་གསར་འགོད་པ་ཇེ་སི་ཧིལ་ Jess Hill ལགས་ཀྱིས་ངོས་འཛིན་གཅིག་མཐུན་མིན་པའི་ཆགས་སྤྱོད་ཀྱི་གནས་ཚུལ་སྐབས་སུ་ཁྲིམས་ལུགས་གཞིར་བཟུང་བརྒྱུད་དགོས་ཀྱི་ཡོད་སྐོར་དང་། གནོད་འཚེ་ཕོག་མཁན་ཚོས་ཁོང་ཚོའི་ཞུ་གཏུགས་དེ་གནད་ལ་འཁེལ་བ་ཞིག་དགོས་ཀྱི་ཡོད་པ་དང་། དུས་ཡུན་རིང་པོ་ཞིག་གི་སྔོན་གྱི་གནས་ཚུལ་ཞིག་ཡིན་ཡང་ཞུ་གཏུགས་བྱེད་ཆོག་གི་ཡོད་སྐོར་བརྗོད་འདུག

གལ་སྲིད་བཙན་གཡེམ་དང་ཆགས་སྤྱོད་ཉེན་གསོག་དོན་རྐྱེན་སྐབས་ཉེན་རྟོག་པར་སྙན་སེང་མི་ཞུ་རྒྱུའི་ཐག་གཅོད་བྱས་ཀྱང་། ད་དུང་རོགས་རམ་བྱེད་མཁན་གྱི་ཞབས་ཞུ་སྡེ་ཚན་མང་པོ་ཞིག་ཡོད་པ་རེད། གལ་སྲིད་ཁྱེད་རང་དང་ཁྱེད་རང་གིས་ཤེས་རྟོགས་བྱུང་བའི་མི་གཞན་ཞིག་བཙན་གཡེམ་དང་ཆགས་སྤྱོད་ནག་ཉེས་ཤེས་རྟོགས་བྱུང་ཚེ་ཁ་པར་ཨང་གྲངས་ 13 11 14 དང་ཡང་ན་ 1800 22 46 36 ཐོག་འབྲེལ་བ་གནང་ཆོག

Share