ཐེངས་འདིའི་ལེ་ཚན་ནང་ཨོ་སི་ཊོ་ལི་ཡའི་ནང་ཞི་མིའི་བདག་པོ་ཚོ་ལ་འགན་འཁྲི་ག་རེ་ཆགས་ཀྱི་ཡོད་མེད་དང་། དེ་བཞིན་ཞི་མི་དང་ཨོ་སི་ཊོ་ལི་ཡའི་ཐུན་མོངས་མ་ཡིན་པའི་ས་གནས་ཀྱི་རི་སྐྱེས་སྲོག་ཆགས་གཉིས་ཀའི་བདེ་འཇགས་ལ་འགན་འཁུར་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།
ཞི་མི་ནི་འཛམ་གླིང་ཁྱོན་དུ་རིག་གནས་ཁྲོད་དར་ཁྱབ་ཆེ་བའི་སེམས་ཅན་ཞིག་རེད། དཔེར་ན་ཨི་ཇིབ་ཀྱི་གུས་བཀུར་ཐོབ་པའི་ཞི་མིའི་ལྷ་སྒྲུང་དང་། མང་ཚོགས་ཀྱི་རིག་གནས་ཁྲོད་མཚོན་རྟགས་རང་བཞིན་གྱི་ལྟད་མོ་དཔེར་ན་ཨ་མི་རི་ཁའི་ཞི་མི་སྒྱིད་ལུག་གི་འགུལ་རིས་གློག་བརྙན། འཇར་པན་གྱི་ཁེ་ཀྲིད་ཅེས་པའི་འཚམས་འདྲིའི་རྣམ་པ་མཚོན་པའི་ཞི་མིའི་པར་རིས་སོགས་སྣ་ཚོགས་ཡོད།
ལྷོ་སྣེའི་གླིང་ཆེན་ཨན་ཊར་ཊི་ཀ་ Antarctica ཕུད་ཨོ་སི་ཊོ་ལི་ཡའི་གླིང་ཆེན་ནི་ཡུལ་དེ་གའི་ས་སྐྱེས་རྡོ་སྐྱེས་ཀྱི་ཞི་མི་རྩ་ནས་མེད་པའི་གླིང་ཆེན་གཅིག་པུ་དེ་ཡིན། ཡིན་ན་ཡང་ཨོ་སི་ཊོ་ལི་ཡའི་ཁྱིམ་ཚང་སུམ་ཆ་གཅིག་ཙམ་ལ་གཅེས་ཉར་སེམས་ཅན་ཞི་མི་ཡོད་པ་དེས། རོབ་རྩིས་བྱས་ན་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་གཅེས་ཉར་སེམས་ཅན་ཞི་མི་ས་ཡ་ ༥་ ༣ ཙམ་ཡོད་པ་རེད།
ཡིན་ན་ཡང་སྐྱེས་པ་ནས་རྔོན་ལ་གོམ་པའི་ཁང་པ་ཕྱི་རོལ་དུ་འཁྱམ་ནས་འགྲོ་མཁན་ཞི་མི་ཚོས་ཨོ་སི་ཊོ་ལི་ཡའི་ཡུལ་དེ་ག་རང་གི་སེམས་ཅན་དཔེར་ན་བྱིའུ་དང་། རྩངས་པ་ཁ་རལ། སྦལ་པ་སོགས་ལྡུམ་རའི་ནང་ཡོད་པའི་སེམས་ཅན་རྣམས་ལ་ཉེན་ཁ་བཟོ་བཞིན་ཡོད།
ཞིབ་འཇུག་བྱས་མཁན་ཚོས་ཚོད་དཔག་ལྟར་ན་ཕྱི་རོལ་དུ་འཁྱམ་བཞིན་པའི་ཞི་མི་ཚོས་རོབ་བརྩིས་བྱས་ན་ལོ་གཅིག་གི་ནང་ཁྱོན་སེམས་ཅན་གྲངས་ ༡༨༦ ཙམ་གསོད་བཞིན་ཡོད་སྐོར་དང་། དེ་དག་ཞི་མི་བདག་པོ་ཚོས་དོ་སྣང་ཡོང་གི་མེད་སྐོར་བརྗོད་འདུག
གཅེས་ཉར་ཞི་མི་དེ་ཚོས་ཨོ་སི་ཊོ་ལི་ཡའི་རི་སྐྱེས་སྲོག་ཆགས་རྣམས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་མ་ཚད། ཨོ་སི་ཊོ་ལི་ཡ་ཁྱོན་དུ་མིས་བདག་ཏུ་མ་བཟུང་བའི་ཞི་རྒོད་ས་ཡ་མང་པོ་ཡོད་སྐོར་བརྗོད་འདུག
སཱ་རཱ་ལེ་གྷེ་ Sarah Legge ལགས་ནི་ཆལ་སི་ཌར་ཝན་ Charles Darwin གཙུག་ལག་སློབ་གཉེར་ཁང་དུ་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལམ་སྟོན་འགན་འཁུར་བ་ཞིག་རེད། ཁོ་མོས་ཞི་མིས་རི་སྐྱེས་སྲོག་ཆགས་ལ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད་ཐེ་བའི་ཨོ་སི་ཊོ་ལི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་གནས་སྟངས་སྐོར་ལོ་ ༣༠ ཙམ་ཕྱག་ལས་གནང་མྱོངས་ཡོད་པ་རེད།
སློབ་དཔོན་ལེ་གྷེ་ཡིས་གཅེས་ཉར་ཞི་མི་དང་རི་སྐྱེས་ཞི་མི་དབར་མི་འདྲ་བ་ག་རེ་ཡོད་མེད་འགྲེལ་བརྗོད་གནང་དོན།
མི་ཚང་མ་གཅེས་ཉར་ཞི་མིར་གོམ་འདྲིས་ཡོད་པ་དང་གཅེས་ཉར་ཞི་མིར་བདག་སྐྱོང་བྱེད་བཞིན་ཡོད་ཀྱང་ཨོ་སི་ཊོ་ལི་ཡའི་ནང་ད་དུང་རི་སྐྱེས་ཞི་མི་ཡང་ཡོད་པས། ཞི་མི་དེ་རིགས་མི་ལ་བརྟེན་མི་དགོས་པར་འཚོ་བ་སྐྱེལ་བཞིན་ཡོད། རི་སྐྱེས་ཞི་མི་མང་ཆེ་བ་དུས་རྒྱུན་གྲོང་དང་གྲོང་ཁྱེར་དང་ཐག་རིང་བའི་ཤིང་ནག་དེ་ཚོའི་ནང་འཚོ་སྡོད་བྱེད་བཞིན་ཡོད་ཀྱང་ཞི་མི་དེ་འདྲ་ཁག་ཅིག་གྲོང་དང་གྲོང་ཁྱེར་དེ་ཚོའི་ནང་འགྲོ་བསྐྱོད་བྱེད་བཞིན་ཡོད་པས། ཞི་མི་དེ་ཚོ་ལ་མཚམས་རེར་ང་ཚོས་ཞི་མི་འཁྱམ་པོ་ཡང་ཟེར་བཞིན་ཡོད་ཅེས་གསུངས་འདུག
རི་སྐྱེས་ཞི་མི་ཚོས་ཨོ་སི་ཊོ་ལི་ཡའི་རི་རྐྱེས་སྲོག་ཆགས་བཞག་ལ་གནོད་འཚེ་ཚབས་ཆེན་གཏོང་གི་ཡོད་པས། རི་སྐྱེས་སྲོག་ཆགས་སྣ་ཚོགས་ཤིག་རྩ་མེད་དུ་འགྲོ་བཞིན་པར་འགན་འཁུར་ཆེན་པོ་ཆགས་ཡོད།
ཞི་མི་ཐོག་མར་ཕྱི་ལོ་ ༡༧༨༨ ལོར་དབྱིན་ཇི་ཐེངས་དང་པོ་ཨོ་སི་ཊོ་ལི་ཡར་འབྱོར་སྐབས་མཉམ་དུ་སླེབས་ཡོད་པ་དང་། རིམ་བཞིན་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་རྒྱལ་ས་ཕིར་ཐི་ Perth དང་ ཏཱ་སི་མ་ནིང་ཨ་མངའ་སྡེའི་རྒྱལ་ས་ཧོ་བྷར་ཊི་ Hobart སོགས་ལ་ཁྱབ་བརྡལ་ཕྱིན་པ་དང་དེའི་བརྒྱུད་ནས་ཨོ་སི་ཊོ་ལི་ཡའི་གླིང་ཆེན་ཡོངས་སུ་མགྱོག་པོ་ཁྱབ་བརྡལ་ཕྱིན་ཡོད་འདུག གཅེས་ཉར་ཞི་མི་དང་རི་སྐྱེས་ཞི་མི་གཉིས་ཀས་བསྡོམས་ན་ཁྱོན་ཉིན་རེ་ཨོ་སི་ཊོ་ལི་ཡའི་ཐུན་མོངས་མ་ཡིན་པའི་རི་སྐྱེས་སེམས་ཅན་ས་ཡ་ ༡་༨ ཙམ་གསོད་བཞིན་ཡོད་འདུག རི་སྐྱེས་ཞི་མིས་རྐྱེན་པས་ཨོ་སི་ཊོ་ལི་ཡའི་འོ་འཐུང་སེམས་ཅན་ ༢༠ ཙམ་དང་གཅེས་ཉར་ཞི་མི་བཅས་རྩ་སྟོངས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པས་མ་ཚད། སེམས་ཅན་དེ་དག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད།
གལ་སྲིད་ང་ཚོས་གཅེས་ཉར་ཞི་མི་དང་རི་སྐྱེས་ཞི་མི་གཉིས་ཀའི་ཤུགས་རྐྱེན་བསྡོམས་པ་ཡིན་ན། ཞི་མི་རིགས་དེ་གཉིས་ཀྱིས་ཉིན་རེར་ཨོ་སི་ཊོ་ལི་ཡའི་རི་སྐྱེས་འོ་འཐུང་སྲོག་ཆགས་གྲངས་ས་ཡ་ ༣་༡ ཙམ་གསོད་བཞིན་ཡོད་པས་མ་ཚད། རྩངས་པ་ཁ་རལ་གྲངས་ས་ཡ་ ༡་༨ དེ་བཞིན་བྱིའུ་གྲངས་ས་ཡ་ ༡་༣ གསོད་བཞིན་ཡོད་འདུག
སློབ་དཔོན་ལེ་གྷེས་ཞི་མིའི་གནོད་འཚེ་འདི་ལྟར་མུ་མཐུད་ཕྱིན་ཚེ་མ་འོངས་པར་ས་གནས་ཀྱི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་རྩ་སྟོངས་འགྲོ་བའི་རྒྱུར་ཆགས་སྲིད་སྐོར་བརྗོད་འདུག
ང་ཚོས་ཞི་མི་སྐོར་དོ་དམ་ཡག་པོ་ཞིག་མ་བྱས་པ་ཡིན་ན་མ་འོངས་པར་ལོ་འགའ་ཤས་ནང་ཨོ་སི་སི་ཊོ་ལི་ཡའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་རྩ་མེད་དུ་འགྲོ་སྲིད་པ་མཐོང་གི་འདུག རི་སྐྱེས་ཞི་མི་དེ་ཚོ་དཀའ་ལས་ཁག་པོ་ཡིན་ཡང་གཅེས་ནར་ཞི་མི་དེ་ཚོས་ཀྱང་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་གི་ཡོད་པ་རེད། གཅེས་ཉར་ཞི་མི་དེོ་ཚོར་སྤྱིར་སྟངས་བདག་པོ་ཚོས་ཟས་སྤྲོད་བཞིན་ཡོད་ཀྱང་ཁོང་ཚོ་ད་དུང་ཕྱིར་ལོགས་ལ་འཁྱམ་ནས་འགྲོ་ཆོག་གི་ཡོད་པས་རྐྱེན་གྱིས་ཁོང་ཚོས་སེམས་ཅན་གཞན་དེ་འདྲ་རྔོན་བཞིན་ཡོད་པ་རེད། གཅེས་ཉར་ཞི་མི་ལྔའི་ནང་ནས་གཅིག་ཙམ་གྱི་ཕྱི་ལོགས་ལ་བསད་པའི་སེམས་ཅན་ནང་ལ་འཁྱེར་ཡོང་གི་ཡོད་པ་ལས། གཅེས་ཉར་ཞི་མི་མང་ཆེ་བས་ཕྱི་ལོགས་ལ་སེམས་ཅན་ག་རེ་བསད་ཀྱང་ནང་ལ་འཁྱེར་ཡོང་གི་ཡོད་མ་རེད་ཅེས་འགྲེལ་བརྗོད་གནང་འདུག
ཨོ་སི་ཊོ་ལི་ཡའི་ནང་དོན་ངོ་མ་ཞི་མི་བདག་པོ་དེ་ཚོས་འགན་འགུར་ག་རེ་འཁུར་དགོས་ཀྱི་ཡོད། སློབ་དཔོན་ལེ་གྷེས་ལགས་ཀྱིས་ཞི་མི་བདག་པོ་ཚོས་སྒྲུབ་ཐུབ་པའི་གནད་འགག་ཁ་ཤས་ཤིག་ཡོད་སྐོར་དང་། དེས་ཞི་མི་དང་རི་སྐྱེས་སེམས་ཅན་གཉིས་ཀའི་བདེ་འཇགས་ལ་ཕན་ཐོགས་ཡོད་སྐོར་བརྗོད་འདུག
གཅེས་ཉར་ཞི་མིས་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་ཉུང་དུ་གཏོང་ཐབས་སུ་གཅེས་ཉར་ཞི་མི་བདག་པོ་ཚོས་འགན་འཁུར་བཞེས་དགོས་པ་དང་། དེ་ཡང་ཞི་མི་ཐོ་འགོད་དང་ཞི་མིའི་ལུས་པོ་ནང་མཉེས་ཆས་བཅུག་དགོས་པ་རེད། དེ་འདྲས་བྱས་ཚེ་ཞི་མི་ཕྱིར་ལ་ཕྱིན་ཡང་མགྱོག་པོ་ཚུར་རག་གི་རེད། དེ་བཞིན་ཞི་མིའི་སྐྱེ་སྒོ་འགོག མ་ཚད་ཞི་མི་ཕྱིར་ལ་མི་ཤོར་བའི་ཆེད་དུ་ཞི་མི་བླུག་ས་བཟོ་བའམ་སྒོ་བཙན་པོ་བཟོས་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
ཞི་མི་ནང་ལ་ཡག་པོ་ཉར་བ་དེས་ས་གནས་སུ་རི་སྐྱེས་སྲོག་ཆགས་སྐྱེས་འཕེལ་ལ་ཕན་ཐོགས་ཡོད་པ་ཙམ་མ་ཟད། ཞི་མི་བདག་པོ་ལའང་འགན་འཁུར་དང་ཁེ་ཕན་མང་པོ་ཡོད་སྐོར་བརྗོད་འདུག
གལ་སྲིད་ཁྱེད་རང་གིས་ལག་བསྟར་ཡག་པོ་ཞིག་བྱས་ཐུབ་ཚེ་རི་སྐྱེས་སྲོག་ཆགས་དེ་ཚོ་བདེ་འཇགས་ཙམ་མ་ཟད། ཁྱེད་རང་གི་ཞི་མི་དེ་ཁྱི་དང་ན་ཚ་དེ་འདྲ་ལས་ཀྱང་བདེ་འཇགས་ཆགས་ཀྱི་ཡོད། གལ་སྲིད་ཞི་མི་དེ་ཚོ་རྟགས་པར་ཕྱི་ལ་བཏང་བ་ཡིན་ན་ཉེན་ཁ་མང་པོ་ཞིག་འཕྲད་སྲིད་པ་རེད་ཅེས་བརྗོད་འདུག
གལ་སྲིད་ཁྱེད་རང་ལ་གཅེས་ཉར་ཞི་མི་ཞིག་ཡོད་པའམ་ཞི་མི་ཞིག་དགོས་བསམས་ཀྱི་ཡོད་ཚེ། ས་གནས་སུ་ཡོད་པའི་ཕྱུགས་རིགས་སྨན་པར་རྩར་སོང་དང་ཁོང་ཚོས་ཁྱེད་རང་གི་ཞི་མི་བདེ་ཐང་དང་སྐྱིད་པོ་ཡོང་བར་ཁོང་ཚོས་རོགས་རམ་ལམ་སྟོན་གནང་གི་རེད།
ཕྱུགས་རིགས་སྨན་པ་གྷར་ནེ་ཊི་ཧལ་ Dr Garnett Hall ལགས་ནི་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་ཨོ་སི་ཊོ་ལི་ཡའི་ཕྱུགས་རིགས་སྨན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་རེད། ཁོང་གིས་ཞི་མི་བདག་པོ་ཚོར་རྒྱུན་དུ་ཞི་མིའི་བདེ་ཐང་གནས་ཚུལ་སྐོར་ཕྱུགས་རིགས་སྨན་པའི་རྩ་ནས་མང་པོ་རག་གི་ཡོད་སྐོར་བརྗོད་འདུག
ཁྱེད་རང་གི་ཞི་མིར་ལོ་ལྟར་ཕྱུགས་རིགས་སྨན་པ་རྩ་ནས་གཟུགས་པོ་བརྟག་དཔྱད་དང་། འགོག་ཁབ་རྒྱག་དགོས་པས་མ་ཚད། ད་དུང་སྨན་པས་ལམ་སྟོན་ལྟར་སྨན་བཅོས་དེ་ཚོ་ཏག་ཏག་བསྒྲུབ་དགོས་ཀྱི་ཡོད་པ་རེད། དུས་རྒྱུན་ཞི་མི་དེ་ཚོ་མི་ལྟར་སོ་དང་། མཁལ་མ། གློ་སྙིང་སོགས་ན་སྲིད་པས་མ་ཚད། ད་དུང་པགས་ནད་སོགས་ན་ཚ་འདྲ་མིན་མང་པོ་ཕོག་སྲིད་པ་རེད། རྒྱུན་དུ་ན་ཚ་དེ་ཚོ་ཕོགས་སྐབས་གང་མགྱོག་སྨན་བཅོས་དང་ས་གནས་སུ་ཡོད་པའི་ཕྱུགས་རིགས་སྨན་པ་དེ་ཚོ་དང་འབྲེལ་བ་ཡག་པོ་ཉར་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག
ཡང་ཌོ་ཊར་ཧལ་ Dr Hall ལགས་ཀྱིས་ཞི་མི་དེ་ཚོ་ཕྱི་ལོགས་སུ་འཁྱམ་མྱུར་བྱས་ཚེ་ཞི་མི་ཕན་ཚུན་འཛིང་རེས་དང་ད་དུང་རྨས་སྐྱོན་དང་ན་ཚ་སོགས་འཁྱེར་ཡོང་སྲིད་སྐོར་དང་། ཨོ་སི་ཊོ་ལི་ཡའི་ནང་ཁྱེད་རང་གནས་སྡོད་བྱེད་ས་དང་འབྲེལ་བའི་མངའ་སྡེ་དང་ས་ཁུལ་སོ་སོར་གཅེས་ཉར་ཞི་མི་ཉར་ཕྱོགས་སྐོར་ཁྲིམས་དང་སྒྲིག་གཞི་མ་འདྲ་བ་ཡོད་སྐོར་བརྗོད་འདུག་ལ། གཅེས་ཉར་ཞི་མི་ཉར་ཕྱོགས་སྐོར་གཙོ་བོ་ས་གནས་གཞུང་གི་སྟངས་འཛིན་བྱེད་བཞིན་ཡོད་པས། དེ་ཚོའི་སྐོར་ཞིབ་ཕྲ་གནས་ཚུལ་ས་གནས་གྲོང་སྡེ་ལྷན་ཁང་གི་དྲ་ཚིགས་ནང་བཀོད་ཡོད་སྐོར་བརྗོད་འདུག