དེ་རིང་<<སྟོད་གོས་དཀར་པོའི་ལས་འགུལ་>>དེའི་ཐོག་སིཌ་ནིང་གྲོང་ཁྱེར་དང་དེའི་ཉེ་འགྲམ་གྱི་ས་གནས་ཌེ་ཝེ་དང་། རི་སྔོན་པོ། གནས་མཁར་གསར། ཝ་དགའ་ཝ་དགའ། ཁེམ་བྷེལ་ཊོན་སོགས་ཁག་གང་ས་ནས་བོད་མི་མང་པོ་ཞིག་འདུ་འཛོམས་བྱས་འདུག་པས་མ་ཚད། མངའ་སྡེ་གཞན་པ་ཁུན་སི་ལན་ཌི་ནས་ཀྱང་བོད་དོན་རྒྱབ་སྐྱོར་བ་ཌེ་རོ་ཕཱ་ཝེ་ལོ་ Drew Pavlou དང་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་སོགས་དེ་རིང་གི་ལས་འགུལ་དེར་ཆེད་དུ་ཕེབས་འདུག
དེ་རིང་གི་ལས་འགུལ་འདི་གོ་སྒྲིག་གནང་མཁན་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་འཛིན་ལགས་ཀྱིས་དེ་རིང་ལས་འགུལ་འདི་ང་ཚོས་ཞི་བདེ་དང་། འཚེ་བ་མེད་པ། ཆེ་མཐོང་དང་ལྡན་པ་སྒོ་ནས་སྤེལ་དགོས་ཞེས་དང་། ཡང་ཁོང་གིས་གསར་འགྱུར་བརྒྱུད་ལམ་ཁག་དེ་ཚོས་བཅད་གཏུབས་བྱས་པའི་བརྙན་དེ་གསར་འགྱུར་བརྒྱུད་ལམ་ལ་སྤེལ་ནས། ལོག་འགྲེལ་དེས་༧གོང་ས་མཆོག་ལ་དགའ་མོས་དང་དད་པ་ཡོད་མཁན་མི་ས་ཡ་མང་པོའི་སེམས་ལ་ཕོག་ཐུག་དང་རྨ་ཁ་བཟོས་ཡོད་པས། གནས་ཚུལ་དེ་ཕྱི་འཐེན་བྱེ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་སོང་།
ཡང་ཁོང་གིས་གལ་སྲིད་གནས་ཚུལ་དེ་ངེས་པར་དུ་སྤེལ་དགོས་ཀྱི་ཡོད་ན་སྐབས་དེའི་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་བཀའ་སློབ་ལམ་སྟོན། ཕྲུ་གུ་དང་དེའི་ཨ་མའི་འགྲེལ་བཤད། སྐབས་དེར་ཡོད་པའི་སློབ་ཕྲུག་བརྒྱ་ལྷག་དང་དེ་ཚོའི་འགན་འཛིན་གྱི་སེམས་ཚོར་དང་འགྲེལ་བཤད་ཆ་ཚང་བ་མཉམ་དུ་བཀོད་རོགས། གནས་ཚུལ་ཆ་ཚང་ག་རེ་བྱེད་ནས་བཀོད་ཀྱི་ཡོད་མ་རེད་ཅེས་དང་། དེ་ག་ནང་བཞིན་གལ་སྲིད་ཁྱེད་རང་ཚོའི་རིག་གཞུང་ལ་གུས་བརྩི་བྱེད་དགོས་ཀྱི་ཡོད་ན་ཁྱེད་ཚོས་ང་ཚོའི་རིག་གཞུངལའང་་ག་རེ་བྱེད་ནས་གུས་བརྩི་བྱེད་དགོས་ཀྱི་ཡོད་མ་རེད་ཅེས་གསུངས་སོང་།
ཡང་བོད་མི་མང་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་ད་རས་ཀྱི་གནས་ཚུལ་སྤེལ་མཁན་དེ་ཚོའི་རྒྱབ་ལ་རྒྱ་ནག་གཞུང་ཡོད་པ་ངོ་ཤེས་པའི་ཐོག་ནས། ང་ཚོའི་གདོང་གཏད་ས་དང་ངོ་རྒོལ་བྱེད་ས་དེ་ཁོང་ཚོ་ཆགས་ཀྱི་ཡོད་པས། ཕྱི་རྒྱལ་དང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་དེ་ཚུ་ཚུར་འཁྲིད་ཐབས་བྱེད་དགོས་པ་ལས་དེ་ཚོར་ངོ་རྒོལ་བྱེད་པ་ཡིན་ན་དམིགས་བསལ་གྱི་ཕན་ཐོགས་མཐོང་གི་མི་འདུག་ཅེས་དང་། དེ་རིང་ནས་བཟུང་ཏེ་དམིགས་བསལ་བོད་པའི་གཞོན་སྐྱེས་ཚོས་སོ་སོ་རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ཀྱི་དྲ་རྒྱ་དེ་ཚོ་བོད་པའི་རྩ་དོན་དང་། ༧གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་ཀྱི་ཆེད་དུ་བེད་སྤྱོད་བྱ་རྒྱུ་ཡིན་བསམས་པའི་དམ་བཅའ་བཞག་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
ཡང་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ད་རས་ཀྱི་གནས་ཚུལ་དེས་རང་དབང་ལུང་པའི་ནང་ལའང་ང་ཚོ་ཚང་མའི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་སྐོར་གསུངས་སོང་།
ཨོ་སི་ཊོ་ལི་ཡའི་གཞོན་སྐྱེས་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་ཌེ་རོ་ཕཱ་ཝ་ལོ་ Drew Pavalou ལགས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་རྒྱ་ནག་གཞུང་གིས་བོད་ལ་བཙན་གནོན་གྱིས་བོད་མི་ཚོས་ས་ཆ་དང་རང་དབང་ཡོངས་སུ་འཕྲོག་ནས། བོད་མི་རྣམས་དཀའ་ངལ་དང་སྡུག་བསྔལ་གྱི་འོག་ཏུ་གནས་ཡོད་ཀྱང་འཛམ་བུ་གླིང་གི་མི་ཚོས་དེ་ཚོ་གོ་ཚུད་ཀྱི་ཡོད་མ་རེད། ༧གོང་ས་མཆོག་གིས་འདས་པའི་ལོ་ངོ་ ༦༠ ཙམ་གྱི་རིང་བོད་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱས་ཡོད་པ་དང་། ད་ཆ་བོད་མི་རྣམས་དཀའ་ངལ་འོག་ལ་གནས་ཡོད་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་དེ་ཚོས་ཕན་ཐོགས་རྒྱུ་ཕར་བཞག་ནས་ད་དུང་དཀའ་ངལ་ཤུགས་ཆེ་རུ་བཏང་ཡོད་པ་རེད་ཅེས་གསུངས་སོང་།