གསུངས་འཕྲིན་དེའི་ནང་ངའི་གྲོགས་པོ་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་སོ་སོའི་སེམས་ལ་བདག་པོ་སྐྱོན་ནས་སེམས་པ་བཟང་པོས་མི་ཚེ་སྐྱེལ་བ་ཡིན་ན་སོ་སོ་སྐྱིད་པ་དང་། རོགས་པ་ཚང་མར་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཐུབ་པ། ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་པ་གསུངས་བ་ལྟར་སེམས་པ་བཟང་པོ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ་གནང་འདུག
སྐབས་དེར་༧གོང་ས་མཆོག་གིས་འཛམ་བུ་གླིང་ས་ཁུལ་འདྲ་མིན་ནས་ངའི་མིང་དེ་ཐོས། ངའི་བསམ་ཚུལ་གང་འདྲར་ཡོད་པ་དེ་དག་མི་མང་པོ་ཞིག་གིས་ཤེས་ཡོང་དུས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག ང་ཞི་བདེ་གཟེངས་རྟགས་རག་མཁན་ཞིག་ཆགས་ཡོད། ངའི་ངོས་ནས་དངོས་གནས་དྲང་གནས་ཀྱིས་མི་གཅིག་གྱུར་གྱི་ཐོག་ནས་འཛམ་བུ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་རྒྱག་གི་ཡོད། འབད་བརྩོན་བྱེད་ཀྱི་ཡོད། ངས་ངོ་ཤེས་པ་ཚང་མས་ང་ལ་རྒྱབ་སྐྱོར་དང་། རང་བཞིན་གྱིས་སེམས་ཐག་ཉེ་པོ་གནང་ཡོང་གི་འདུག ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གང་ལྟར་ང་མི་གཅིག་རེད། ཡིན་ནའང་མི་གཅིག་པུ་དེས་ལུས་ངག་ཡིད་གསུམ་གྱི་ཐོག་ནས་འཕྲལ་དུ་འཛམ་བུ་གླིང་གི་ཞི་བདེ་ཡོང་བར་སྨོན་ལམ་རྒྱག་གི་ཡོད་སྐོར་གསུངས་སོང་།
མ་ཚད་༧གོང་ས་མཆོག་གིས་སོ་སོའི་སྲོག་གཅིག་ཡོད་པ་འདིའི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྒྲུབ་བསམ་པའི་སེམས་ཤུགས་སྐྱེད་ཀྱི་ཡོད། དེ་ཡང་ནམ་མཁའ་མ་ཟད་བར་དུ་གཞན་དོན་རྒྱ་ཆེན་པོ་ག་ཚོད་ཐུབ་ཐུབ་ཅིག་བསྒྲུབ་བསམ་པའི་སེམས་ཤུགས་སྐྱེད་ཀྱི་ཡོད་ཅེས་གསུངས་སོང་།
དེ་རིང་ཕྱི་ཚེས་ ༦ ཉིན་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་མཆོག་དགུང་གྲངས་ ༨༨ ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་སྲུང་བརྩི་དང་སྐབས་དེར་མགོན་པོ་གང་ཉིད་མཛད་སྒོར་དངོས་སུ་ཆིབས་སྒྱུར་བསྐྱངས་ཡོད་པས་མ་ཚད། བཀའ་སློབ་གསུང་བཤད་གནང་ཡོད། སྐབས་དེར་༧གོང་ས་མཆོག་དེ་རིང་འདིར་སྐབས་སུ་བབ་པ་ངོས་རང་ལོ་ ༨༨ ལ་སླེབས་པའི་འཁྲུངས་སྐར་དུས་ཆེན་རེད། ངོས་རང་ལོ་བརྩི་དུས་ལོ་ ༨༨ ལ་སླེབས་ཀྱི་ཡོད་པ་རེད། ཤེལ་སྒོའི་ནང་རང་གི་གདོང་ལ་བལྟ་དུས་ང་བཅུ་ང་གྲངས་ཤིག་མིན་འགྲོ་བསམ་གྱི་འདུག་ཅེས་དང་། ངོས་ཀྱི་སོ་ལ་ཆ་བཞག་ནའང་སོ་གཅིག་ཀྱང་འཕུད་མེད། ལྟོ་ཆས་ག་རེ་ཟ་དགོས་ཀྱང་སོ་ཨང་གསར་བྱས་ཏེ་བསྡད་ཡོད།
ད་ལྟའི་བར་དུ་ག་ཚོད་ཐུབ་ཐུབ་ཀྱིས་རྒྱ་ནག་མི་མང་ལ་ཆ་བཞག་ནའང་ལྷག་བསམ་རྣམ་དག་གི་ཐོག་གནས་པ་ཡིན། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་འདིའི་མི་ཚང་མར་ཕན་པ་ཞིག་རེད་ལ། བྱེ་བྲག་ཏུ་རྒྱ་ནག་མི་མང་མང་པོ་ཞིག་ནང་པ་ཆགས་ཀྱི་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ནང་པ་རེད། ངོས་རང་སྔོན་མ་རྒྱ་ནག་ཏུ་ཕྱིན་པའི་སྐབས་སུ་ས་ཆ་འདྲ་མི་འདྲ་རུ་ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག རྒྱ་ནག་ལ་ནང་པ་སངས་རྒྱས་པའི་ཆོས་རིམ་པས་དར་ཡོང་གི་འདུག རྒྱ་ནག་མི་མང་ལ་འདི་ཕྱི་གཉིས་ཡོད་ཅིག་ཡོང་ཆེད་སེམས་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་། དེ་དང་འབྲེལ་བའི་སྟོང་པ་ཉིད་ཀྱི་ལྟ་བ་ལ་བསམ་བློ་བཏང་བ་ཡིན་ན་ཚན་རིག་དང་ཡང་མཐུན་པ་རེད་ཅེས་སོགས་བཀའ་སློབ་གནང་འདུག
དེ་རིང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་རར་སྐུ་ཚབ་དོན་གཅོད་དང་ཕྱི་རྒྱལ་གྱི་སྐུ་མགྲོན། ས་གནས་མི་མང་བཅས་མཉམ་འཛོམས་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་གནང་འདུག