རིག་གཞུང་འདྲ་མིན་གྱི་མི་དང་གྲོགས་པོ་བསྒྲིགས་པའི་ཁེ་ཕན།

The benefits of cross-cultural friendships.jpg

ལུང་པ་གསར་པ་ཞིག་གི་ནང་སླེབས་སྐབས་གྲོགས་པོ་སྒྲིག་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། དུས་རྒྱུན་ང་ཚོ་རིག་གཞུང་གི་རྒྱབ་ལྗོངས་གཅིག་པ་ཡིན་པའི་མི་དང་འབྲེལ་བ་དང་རོགས་རེས་མང་བ་ཆགས་ཀྱི་ཡོད་ཀྱང་། མཚམས་རེར་མི་རིགས་དང་རིག་གཞུང་འདྲ་མིན་གྱི་མི་དང་གྲོགས་འདྲིས་བྱུང་ཚེ་ཁྱེད་རང་གི་བལྟ་རྒྱ་ཐོས་རྒྱ་ཆེ་རུ་འགྲོ་བའི་ཕན་ཐོགས་ཡོད་པ་རེད།




ཡིན་ན་ཡང་སོ་སོའི་རིག་གཞུང་གི་དཀྱིལ་འཁོར་དེ་ནས་མར་ཐོན་རྗེས་ང་ཚོར་ལྟ་ཚུལ་མ་འདྲ་བ་དང་གནས་ཚུལ་གཞན་མང་པོ་ཞིག་རྟོགས་པའི་ཚོར་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

རིག་གཞུང་ལས་བརྒལ་བའི་གྲོགས་འདྲིས་དེས་ང་ཚོའི་ཐུན་མོངས་རང་བཞིན་གལ་ཆེ་རུ་གཏོང་གི་ཡོད་པ་རེད་ཅེས་མཐུན་ལམ་དང་གཞིས་སྤོས་སྐོར་ཆེད་མཁས་པ་ཌོ་ཊར་ཧར་རེ་ཊི་ཝི་སི་ཀོ་ཊིས་ Dr Harriet Westcott. འགྲེལ་བརྗོད་གནང་འདུག

ང་ཚོས་སོ་སོ་དང་བསམ་བློ་གཏོང་སྟངས་འདྲ་པོའི་ཁྲོད་ནས་ཚོར་བ་བདེ་བ་ཡོང་གི་ཡོད་སྐོར་འབྲེལ་བ་སྐོར་ཆེད་མཁས་པ་སློབ་དཔོན་ཁཱ་ཐེ་རེན་གྷོ་མེས་ Catherine Gomes ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཁོ་མོས་དཀའ་ངལ་ནི་སོ་སོའི་ཁོར་ཡུག་ལས་ཕྱིར་ཐོན་མ་ཐུབ་པ་དེ་ཡིན་པ་དང་། གནས་ཚུལ་ཞིག་ལ་ཆགས་བཞག་ནའང་གནས་ཚུལ་ག་རེ་བྱུང་ཡོད་པ་ཞིག་ཁྱེད་རང་གི་གྲོགས་པོས་ཤེས་ཡོད་ན་ཁྱེད་རང་གིས་ཤེས་པ་དང་། ཁྱེད་རང་གི་གྲོགས་པོས་མ་ཤེས་ན་ཁྱེད་རང་གིས་ཀྱང་མི་ཤེས་པ་དེ་རེད། གནས་སྟངས་དེའི་ཐོག་ནས་ཁྱེད་རང་ཕྱི་རྒྱལ་གྱི་ལུང་པ་ཞིག་དང་ཁོར་ཡུག་ནང་འཚོ་བ་གང་འདྲ་ཞིག་སྐྱེལ་བཞིན་ཡོད་མེད་ཤེས་ཁག་པོ་ཡོད་པ་རེད་ཅེས་གསུངས་འདུག

གལ་སྲིད་ཁྱེད་རང་དཀའ་ངལ་ཞིག་གི་ནང་ལྷུང་བ་དང་རོགས་པ་དགོས་ཚེ་དེ་ལ་གདོང་ལེན་གང་འདྲ་བྱེད་དགོས་ཀྱི་རེད་དམ།

གལ་ཆེ་ཤོས་ནི་རིག་གཞུང་མ་འདྲ་བའི་ཐུན་མོངས་རང་བཞིན་གྱི་སྤྱི་ཚོགས་ཤིག་ནས་གནས་ཚུལ་མང་པོ་ཞིག་ཕན་ཚུན་གོ་རྟོགས་སྤེལ་རེས་ཡོང་གི་ཡོད་སྐོར་སློབ་དཔོན་གྷོ་མེས་སི་ལགས་ཀྱིས་འགྲེལ་བརྗོད་གནང་འདུག

ཁོ་མོས་དཔེ་མཚོན་ཡག་ཤོས་ཤིག་བཞག་ན། གལ་སྲིད་མི་ཞིག་གིས་ཁྱེད་རང་ལ་ཛ་དྲག་གི་ཁ་པར་ཨང་གྲངས་ག་རེ་རེད་ལབ་ན། མི་མང་པོ་ཞིག་སོ་སོར་གོམས་བསྡད་པའི་ཁ་པར་ཨང་གྲངས་དེ་ལབ་་ཀྱི་རེད། ང་རང་སིངྒ་པུར་ནས་ཡོང་མཁན་ཞིག་ཡིན་པའི་ཆ་ནས་ཨོ་སི་ཊོ་ལི་ཡའི་ནང་ཛ་དྲག་གི་ཁ་པར་ཨང་གྲངས་ཀླད་ཀོ་གསུམ་དེ་ལབ་རྒྱུའི་ཚབ་ཏུ་མཚམས་རེར་ངས་དགུ་གསུམ་དེ་རེད་ལབ་ཤོར་འགྲོ་གོ་འདུག ཀླད་ཀོ་གསུམ་དེ་ལམ་སང་ཡོང་གི་མི་འདུག རིག་གཞུང་གི་ཁོར་ཡུག་གཅིག་ཁོ་ནའི་ནང་མ་ཚུད་པའི་མི་ཞིག་ཡིན་ན་ཛ་དྲག་སྐབས་སུ་ཁྱེད་རང་གནས་སྡོད་བྱེད་སའི་ས་གནས་དེ་གའི་གནས་ཚུལ་ཤེས་སླ་བ་ཡོང་གི་ཡོད་ཅེས་གསུངས་འདུག

གཞིས་སྤོ་བ་དེ་ཚོ་དང་བསྡུར་ན་རྒྱལ་སྤྱི་ནས་ཡོང་བའི་སློབ་ཕྲུག་དེ་ཚོར་སྤྱིར་བཏང་རིག་གཞུང་མ་གོམས་པའི་དཀའ་ངལ་ཉུང་བ་ཡོད་པ་དང་། ས་གནས་གང་ཡིན་ཡང་གྲོགས་པོ་མང་བ་ཆགས་ཀྱིི་ཡོད་འདུག

ཡིན་ན་ཡང་སློབ་དཔོན་གྷོ་མེ་སེ་ལགས་ཀྱིས་གོ་ཐོས་ལྟར་ན་རྒྱལ་སྤྱི་ནས་ཡོང་བའི་སློབ་ཕྲུག་ནང་རྒྱ་རིགས་སློབ་ཕྲུག་དེ་ཚོ་མི་རིགས་གཞན་པ་དེ་ཚོ་དང་གྲོགས་པོ་ཉུང་བ་ཡོད་སྐོར་དང་། དེའི་རྒྱུ་མཚན་ནི་ཁོང་ཚོའི་གྲོགས་པོའི་གྲོགས་པོ་ཡང་རྒྱ་རིགས་དེ་འདྲ་ཡིན་པས་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

རྒྱ་རིགས་སློབ་ཕྲུག་དེ་ཚོས་རྟགས་པར་རྒྱལ་སྤྱིའི་སློབ་ཕྲུག་གི་ཉམས་མྱོངས་དེ་ཡག་པོ་དང་སྐྱིད་པོ་འདུག ཡིན་ནའང་བློ་ཕམ་པ་ཞིག་ལ་ས་གནས་སུ་གྲོགས་པོ་དེ་འདྲ་ཡོང་གི་མི་འདུག་ཟེར་གྱི་རེད། དེས་རྐྱེན་པས་ཁོང་ཚོ་ཡང་བསྐྱར་ཁོང་ཚོ་སོ་སོའི་རིགས་གཞུང་གཅིག་པ་ཡིན་པའི་སྤྱི་ཚོགས་ནང་ཕྱིར་ལོགས་ནས་ཕྱི་ལོགས་ཀྱི་སྤྱི་ཚོགས་ནས་ཐོན་འགྲོ་བཞིན་ཡོད་པ་རེད། གལ་སྲིད་ཁོང་ཚོས་ཁོར་ཡུག་དེ་རྒྱ་ཆེ་རུ་གཏོང་བ་ཡིན་ན་ཏན་ཏན་ཉམས་མྱོངས་མི་འདྲ་བ་ཞིག་ཡོང་གི་རེད། དེ་བཞིན་གཞིས་སྤོས་ལ་ཡོང་མཁན་དང་གནས་སྐབས་སུ་ཡོང་མཁན་དེ་ཚོ་ས་གནས་རང་གི་གྲོགས་པོ་དེ་འདྲ་ཡོང་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

ས་གནས་ཀྱི་མི་རྣམས་ཀྱིས་གསར་དུ་འབྱོར་མཁན་དེ་ཚོ་ལ་གདོང་ལེན་དང་དཀའ་ངལ་ག་རེ་ཡོད་མེད་ངོས་ཟིན་དགོས་ཀྱི་ཡོད་པས་མ་ཚད། ཁོང་ཚོ་སྣེ་ལེན་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཤེས་དགོས་ཀྱི་ཡོད་པ་རེད།

རྒྱུན་དུ་མི་ལ་མཛའ་མཐུན་དང་རོགས་རེས་བརྒྱུད་གྲོགས་པོ་ཆགས་ཐུབ་ཀྱི་ཡོད་པ་རེད།

ཌོ་ཊར་ཝེ་སི་ཀོ་ཊིས་ Dr Westcott ལགས་ཀྱིས་གྲོགས་པོ་སྒྲིག་མ་སྒྲིག་ཟེར་བ་ནི་རང་མོས་ཤིག་རེད། ཡིན་ན་ཡང་ཁོང་ཚོ་ང་ཚོ་དང་གྲོགས་པོ་སྒྲིག་འདོད་མི་ཚེ་དེ་ནི་ང་ཚོ་ལ་འདོད་པ་མེད་པ་མཚོན་མི་ཐུབ། དེ་ནི་ཁོང་ཚོའི་མི་ཚེ་འཚོ་བ་བྲེལ་བ་ཆེན་པོ་ཡིན་པས་ཀྱང་ཡིན་སྲིད། ང་ཚོས་གུ་ཡངས་ཀྱི་བསམ་བློ་མུ་མཐུད་འཁྱེར་བ་ཡིན་ན་ང་ཚོ་མ་འོངས་པར་གྲོགས་པོ་སྒྲིག་འདོད་ཡོད་མཁན་དེ་འདྲ་འཕྲད་སྲིད་པ་རེད་ཅེས་གསུངས་འདུག

མཚམས་རེར་ཨོ་སི་ཊོ་ལི་ཡའི་ནང་སྐྱེས་པ་དང་ཨོ་སི་ཊོ་ལི་ཡའི་ནང་འཚར་ལོངས་བྱུང་མཁན་དེ་འདྲ་ཡང་རིག་གཞུང་གཅིག་གི་ཁོར་ཡུག་ནང་ཚུད་སྲིད་ཀྱི་ཡོད།

སྔོན་མ་ར་ཤི་ཡ་ནས་སློབ་སྦྱོང་ལ་ཡོང་མཁན་རྒྱལ་སྤྱིའི་སློབ་ཕྲུག་མཱ་སི་ཐཱ་ཆིན་ཁོ་ Max Tkachenko ཁོང་ཐོག་མར་ཨོ་སི་ཊོ་ལི་ཡར་འབྱོར་སྐབས་ཀྱི་ཉམས་མྱོངས་སྐོར་འགྲེལ་བརྗོད་གནང་དོན།

ཁོང་ཚོ་སུ་ཡིན་རུང་ལོ་མང་པོ་ཞིག་ནང་འབྲེལ་བ་དང་གནས་སྟངས་དེ་འདྲ་ཞིག་ཆགས་ཚར་དུས་འགྱུར་བ་གཏོང་རྒྱུ་དཀའ་ལས་ཁག་པོ་ཡོད་པ་རེད། རྒྱལ་སྤྱི་ནས་ཡོང་བའི་སློབ་ཕྲུག་ཡིན་ན་འདྲ་གཞིས་སྤོས་ལ་ཡོང་མཁན་ཡིན་ན་འདྲ་ཁོང་ཚོ་སོ་སོའི་སྤྱི་ཚོགས་ཤིག་གི་ནང་ཚུད་ཚར་དུས་དེ་ནས་མར་ཐོན་རྒྱུ་དཀའ་ལས་ཁག་པོ་ཡོད་ས་རེད། དེ་དཀའ་ལས་ཁག་པོ་ཡོད་པ་ངས་ཤེས་ཀྱི་འདུག ང་ཡང་གནས་སྟངས་དེ་བརྒྱུད་ནས་ཡོང་བ་ཡིན། ཡིན་ན་ཡང་གཞན་ལ་ཁ་གཡར་ནས་སོ་སོ་རང་ཉིད་ལ་ཚོད་འཛིན་ཐེབས་པ་ནི་ཧ་ཅང་ཐབས་སྐྱོ་པོ་རེད་ཅེས་འགྲེལ་བརྗོད་གནང་འདུག

Share