གནས་ཚུལ་འདི་ནི་བདུན་ཕྲག་རྗེས་མ་ཨོ་སི་ཊོ་ལི་ཡ་དབུས་གཞུང་གིས་ལོ་གཅིག་གི་སྔོན་རྩིས་གཏན་འབེབས་མ་གནང་བའི་གོང་དུ་ཐག་གཅོད་བྱས་པ་ཞིག་ཆགས་ཡོད། དབུས་དངུལ་ཁང་གི་འགན་འཛིན་ཕི་ལེ་ཕི་ལོ་ཝེ་ལགས་ཀྱིས་དངུལ་གྱི་འཛའ་ཐང་གི་ཧེ་བག་དེ་ད་དུང་ཡང་ཧ་ཅང་མཐོ་པོ་བརྒྱ་ཆ་ ༧ ལ་གནས་ཡོད་པས། དངུལ་གྱི་སྐྱེད་ཀ་དེ་ད་དུང་མུ་མཐུད་འཕར་སྲིད་སྐོར་བརྗོད་འདུག
ན་ནིང་ཕྱི་ཟླ་ ༥ པ་ནས་བཟུང་དབུས་དངུལ་ཁང་གིས་སྐྱེད་ཀ་གཏུད་མར་ཐེངས་ ༡༠ ལ་ཡར་སྤར་རྗེས་དུས་ཡུན་ཟླ་བ་གཅིག་ཙམ་རིང་སྐྱེད་ཀ་སྤར་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང་། ཉེ་ཆར་སླར་ཡང་སྐྱེད་ཀ་ཐེངས་གཅིག་སྤར་རྗེས་ད་ཆ་སྐྱེད་ཀའི་དེ་བརྒྱ་ཆ་ ༣་༨༥ སླེབས་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནོར་སྲིད་བློན་ཆེན་ཇིམ་ཆལ་མར་སི་ Jim Chalmers ལགས་ཀྱིས་ཐག་གཅོད་འདིས་ཨོ་སི་ཊོ་ལི་ཡའི་ནང་ས་ཁང་གི་བུན་ལོན་བདག་པོ་རྣམས་ལ་གཏན་གཏན་དཀའ་ངལ་སྤྲད་སྲིད་སྐོར་འགྲེལ་བརྗོད་བྱས་འདུག
ཁོང་གིས་དེ་རིང་དབུས་དངུལ་ཁང་གིས་དངུལ་གྱི་སྐྱེད་ཀ་བརྒྱ་ཆ་གཅིག་གི་བཞི་ཆ་གཅིག་སྤར་ཡོད་པ་རེད། ཐག་གཅོད་འདིས་ཨོ་སི་ཊོ་ལི་ཡའི་མི་མང་མང་པོ་ཞིག་ལ་དཀའ་ངལ་བཟོས་ཡོད་པ་དང་། འཛའ་ཐང་དོ་མཉམ་མེད་པའི་དཀའ་ངལ་འདིས་ང་ཚོའི་དཔལ་འབྱོར་ལ་གཞི་རྩའི་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཤིག་དང་། སྐབས་གཉིས་པའི་དངུལ་རྩིས་གཏན་འབེབས་སྐབས་སུ་ང་ཚོའི་དཔལ་འབྱོར་གྱི་གནས་སྟངས་དཀའ་ལས་ཁག་པོ་ཡོད་པ་དྲན་གསོ་བཏང་བ་ཞིག་རེད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡི་ཕྱོགས་འགལ་ཚོགས་པའི་ནོར་སྲིད་མགྲིན་ཚབ་པ་ཨན་གྷུ་སི་ཋའེ་ལོར་ Angus Taylor ལགས་ཀྱིས་ཀྱང་ཐག་གཅོད་འདིས་ཨོ་སི་ཊོ་ལི་ཡའི་ཁང་པ་བདག་པོ་རྣམས་ལ་གནོན་ཤུགས་ཆེན་པོ་ཤིག་ཆགས་ཡོད་སྐོར་གསུངས་འདུག
ཁོང་གིས་ང་ཚོས་མཐོང་གསལ་ལ་དེ་སྔོན་འོས་བསྡུ་བྱས་པ་ནས་བཟུང་སྐྱེད་ཀ་སྤར་ཐེངས་ ༡༠ པ་དེ་ཆགས་ཡོད། དཔེར་ན་ཨོ་སི་ཊོ་ལི་ཡའི་ཁང་པའི་བུན་ལོན་ཨོ་སྒོར་ ༧༥༠༠༠༠ འབུམ་བདུན་དང་སྟོང་ཕྲག་ལྔ་བཅུ་བདག་པོ་ཞིག་ཡིན་ཚེ། ན་ནིང་ཕྱི་ཟླ་ ༥ པ་ནས་བཟུང་སྟེ་ཟླ་བ་རེར་ཨོ་སྒོར་ ༡༧༠༠ ལྷག་ཐོལ་པ་སྤྲོད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
བུན་ལོན་བདག་པོ་མང་པོ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་པ་དང་། དེ་སྔོན་བུན་ལོན་གྱི་སྐྱེད་ཀ་དམའ་མོ་སྐབས་གཏན་འཇགས་བཟོས་པ་རྣམས་ཀྱང་ཟླ་བ་རྗེས་མ་ནས་དུས་ཚོད་དེ་དག་རྫོགས་འགྲོ་བཞིན་ཡོད་པ་རེད།
དཔལ་འབྱོར་རིག་པ་བ་རྒན་པ་དང་མ་འཛུགས་སྐོར་ཆེད་མཁས་པ་ཨེལ་ནོར་ཁེ་རེ་ Eleanor Creagh ལགས་ཀྱིས་སྐྱེད་ཀ་འཕར་བ་དེས་ཨོ་སི་ཊོ་ལི་ཡའི་ནང་དཔལ་འབྱོར་འཁོར་རྒྱུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་སྐོར་བརྗོད་འདུག
ཁོ་མོས་ང་ཚོས་རེ་བ་ལ་སྐྱེད་ཀ་འཕར་བའི་ཤུགས་རྐྱེན་ཡོངས་རྫོགས་དངུལ་བུན་ལེན་མཁན་དེ་ཚོས་རྗེས་ཟིན་ཐུབ་པ་དང་། མ་འོངས་པར་ཁྱིམ་ཚང་གི་འགྲོ་སོང་མུ་མཐུད་དལ་མོ་གནས་ཐུབ་རྒྱུ་དེ་ཡིན་ཞེས་གསུངས་འདུག
དབུས་དངུལ་ཁང་གིས་གསལ་བསྒྲགས་ནང་། སྐྱེད་ཀའི་ཚད་གཞི་ཇེ་མཐོར་གཏོང་བ་ནི་ཨོ་སི་ཊོ་ལི་ཡའི་དངུལ་གྱི་འཛའ་ཐང་དོ་མཉམ་ཡོང་ཐབས་ཀྱི་དམིགས་ཚད་ཐོག་སླེབས་ཐབས་བྱ་རྒྱུ་དེ་ཡིན་སྐོར་བརྗོད་འདུག
དེ་སྔོན་དངུལ་གྱི་འཛའ་ཐང་གྱི་བརྒྱ་ཆ་ ༧་༨ ནས་མར་རིམ་བཞིན་ཆགས་སྐབས་ད་ཆ་དངུལ་གྱི་འཛའ་ཐང་གི་ཚད་གཞི་དེ་བརྒྱ་ཆ་ ༧ ཡིན་སྐོར་དང་། དབུས་དངུལ་ཁང་གིས་དངུལ་གྱི་འཛའ་ཐང་གི་ཚད་གཞི་དེ་རིམ་པ་ཏག་ཏག་འདོད་བློ་ཁེངས་པ་ཞིག་མ་བྱུང་བར་སྐྱེད་ཀའི་བརྒྱ་ཆ་མུ་མཐུད་འཕར་སྲིད་སྐོར་བརྗོད་འདུག
དཔལ་འབྱོར་ཆེད་མཁས་པ་ཨལོན་ཌ་ཝར་ Alun Dwyfor ལགས་ཀྱིས་ཐག་གཅོད་དེས་ཁྲོམ་ར་ཆེད་མཁས་པ་མང་པོ་ཞིག་ལ་ཡང་ཧང་སང་བཅུག་ཡོད་སྐོར་བརྗོད་འདུག
སྐྱེད་ཀ་སླར་ཡང་སྤར་བ་དེས་ཁང་པའི་བདག་པོ་གཅིག་པུའི་དཀའ་ངལ་མིན་པར། དགེ་རྩ་ཚོགས་པ་དཔེར་ན་སི་མི་ཐིའི་ཁྱིམ་ཚང་ཞེས་པའི་ཨོ་སི་ཊོ་ལི་ཡའི་མི་མང་ས་ཡ་ ༡་༢ འབུམ་གཉིས་ཙམ་ཡོད་པའི་དགེ་རྩ་ཚོགས་པ་དེའི་འཚོ་བའི་འགྲོ་སོང་ལ་ཡང་དཀའ་ངལ་ཆེན་པོ་ཞིག་ཆགས་བཞིན་ཡོད་འདུག
མི་མང་པོ་ཞིག་གིས་ད་ལྟའི་ཆར་དངུལ་གྱི་སྐྱེད་ཀ་བརྒྱ་ཆར་ཡར་སྤར་བ་དེས་དེ་སྔོན་ཏོག་དབྱིབས་ནད་དུག་འགོས་ཁྱབ་སྐབས་སུ་ལས་ཀྱང་དཀའ་ལས་ཁག་བ་ཆགས་ཡོད་སྐོར་བརྗོད་བཞིན་འདུག
སི་མི་ཐི་ཁྱིམ་ཚང་ཞེས་པའི་དགེ་རྩ་ཚོགས་པ་དེའི་སྤྱི་ཁྱབ་རྒན་འཛིན་ཌོ་ཋའེ་ལོར་ལགས་ཀྱིས་ཅ་དངོས་གོང་ཚད་མཐོར་རུ་ཕྱིན་པའི་མཇུག་འབྲས་ཀྱིས་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ཁྱིམ་ཚང་རྣམས་ཀྱིས་འཚོ་བའི་འགྲོ་སོང་ལ་ཡང་དཀའ་ངལ་ཇེ་ཆེར་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཁོང་གིས་ད་ལྟའི་ཆར་ཅ་དངོས་ཀྱི་གོང་ཚད་འཕར་ནས་འགྲོ་སོང་ཇེ་ཆེར་སོང་བ་དང་། ཁང་གླའི་གོང་ཚད་ཀྱང་འཕར་ནས་ཡོང་འབབ་དམའ་བོ་ཡིན་པའི་ཁྱིམ་ཚང་རྣམས་ཁང་གླ་ཆུང་སར་སྤོ་འགྲོ་དགོས་འཁེལ་གྱི་ཡོད། དེས་ཁྱིམ་ཚང་ལ་དཀའ་ངལ་དང་མ་ཚད་ཕྲུ་གུ་དང་ཁོང་ཚོའི་སློབ་སྦྱོང་ལའང་དཀའ་ངལ་དང་ཅ་སུན་པོ་བཟོ་བཞིན་འདུག་ཅེས་གསུངས་འདུག
དབུས་དངུལ་ཁང་གིས་ལག་བསྟར་དེས་ཨོ་སི་ཊོ་ལི་ཡའི་ཁྱིམ་ཚང་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པས་མ་ཚད། བདུན་ཕྲག་རྗེས་མར་གཞུང་གིས་དངུལ་རྩིས་གཏན་འབེབས་ལའང་གནོན་ཤུགས་ཆེན་པོ་ཞིག་ཐེབས་བཞིན་ཡོད་པ་རེད།