ཉེ་ཆར་ཨོ་སི་ཊོ་ལི་ཡའི་དབུས་དངུལ་ཁང་དང་ཡང་ན་བཀར་འཇུག་དངུལ་ཁང་ Reserve Bank ནས་དངུལ་གྱི་སྐྱེད་ཀའི་བརྒྱ་ཆ་སྤར་རྒྱུ་རེ་ཞིག་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་པ་དེས་ས་ཁང་སོགས་ཀྱི་ཆེད་དུ་བུན་ལོན་བླངས་མཁན་རྣམས་ལ་རེ་ཞིག་སེམས་ངལ་ཆུང་དུ་བཏང་ཡོད་པ་རེད།
སྔ་ལོ་ཕྱི་ཟླ་ ༥ པ་ཙམ་ནས་ཨོ་སི་ཊོ་ལི་ཡའི་དབུས་དངུལ་ཁང་གི་དངུལ་སྐྱེད་ཀྱི་བརྒྱ་ཆ་མུ་མཐུད་སྤར་ཡོད་པ་དང་འདས་པའི་ཟླ་བ་ ༡༠ ནང་སྐྱེད་སྤར་མཚམས་འཇོག་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་ཅིང་། ན་ནིང་ཕྱི་ཟླ་ ༥ པ་ནས་སྐྱེད་ཀ་ཐེངས་འགར་སྤར་ཡོད་པས་ད་ལྟའི་ཆར་དབུས་དངུལ་ཁང་ནས་དངུལ་སྐྱེད་ཀྱི་བརྒྱ་ཆ་ ༣་༦༠ ཆགས་ཡོད་པ་རེད།
དབུས་དངུལ་ཁང་གི་འགན་འཛིན་ཕི་ལེ་ཕི་ལོ་ཝེ་ Phillip Lowe ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དེ་སྔོན་སྤར་བའི་སྐྱེད་ཀ་དེ་མུ་མཐུད་གནས་རྒྱུའི་དུས་ཚོད་འཕར་འགྱངས་བྱས་ཡོད་སྐོར་བརྗོད་འདུག
དཔལ་འབྱོར་རིག་པ་བ་ཨ་ནེ་ཀེ་ཐམ་སོན་ Anneke Thompson ལགས་ཀྱིས་དབུས་དངུལ་ཁང་གི་ཐག་གཅོད་དེ་ནི་ས་ཁང་གི་བུན་ལོན་བདག་པོ་དང་ཚོང་ལས་བདག་པོ་བཅས་ཚང་མ་ལ་ཤུགས་རྐྱེན་གཅིག་པ་ཐེགས་རྒྱུ་ཡིན་སྐོར་བརྗོད་འདུག
ས་ཁང་གི་བུ་ལོན་བདག་པོ་རྣམས་ལ་ཏོག་ཙམ་སེམས་ངལ་ཆུང་རུ་ཕྱིན་ཡོད་པ་རེད། དེ་སྔོན་ཁོང་ཚོ་བུན་ལོན་གྱི་སྐྱེད་ཀ་བརྒྱ་ཆ་ ༡༠ ཙམ་སྤྲོད་དགོས་ཀྱི་ཡོད་པའི་ཚོར་སྣང་བྱུང་ཡོད་པ་རེད། དེ་ག་ནང་བཞིན་ཚོང་ལས་བདག་པོ་ཚོ་ཡང་ཏོག་ཙམ་སེམས་ཁྲལ་ཆུང་དུ་ཕྱིན་ཡོད་པ་རེད། ཁོང་ཚོས་ན་ནིང་ལས་ད་ལོའི་ལོ་སྟོད་འདིར་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་རེད་བསམས་ཡོད་པ་རེད། ངའི་བསམས་པར་མུ་མཐུད་ནས་དཀའ་ངལ་ཆེ་རུ་འགྲོ་གི་རེད་བསམས་ཀྱི་མི་འདུག་ཅེས་གསུངས་འདུག
ལྕམ་ཐམ་སོན་ Ms Thompson ལགས་ཀྱིས་དབུས་དངུལ་ཁང་གི་ད་ལྟའི་སྐྱེད་ཀ་འདི་མུ་མཐུད་ཟླ་བ་གཅིག་གཉིས་ཤིག་ཉར་སྲིད་པ་རེད་འདུག་ཅེས་གསུངས་འདུག
ཁོ་མོས་ངའི་བསམས་པར་ཕྱི་ཟླ་ལྔ་པའི་ནང་གི་ང་ཚོས་སྙན་ཐོར་བལྟས་ན་ཏོག་ཙམ་ཧང་སང་དགོས་པའི་གནས་སྟངས་ཆགས་ཡོད། ངའི་བསམས་པར་ཁོང་ཚོས་དེའི་གནས་སྟངས་གྲུབ་འབྲས་བལྟ་འདོད་པ་རེད་ལ། ད་ལྟ་ཁོང་ཚོས་སྐྱེད་སྤར་མཚམས་འཇོག་བྱས་པ་དེའི་གྲུབ་འབྲས་གང་འདྲ་ཡིན་མིན་བལྟ་བཞིན་ཡོད་པ་རེད། ཁོང་ཚོས་ཕྱི་ཟླ་ ༤ པའི་ནང་གི་ཚོང་ལས་ཀྱི་གནས་བབས་ལ་བལྟ་འདོད་པ་རེད། དེ་བཞིན་ཕྱི་ཟླ་ ༥ པའི་གནས་སྟངས་སོགས་བལྟས་ནས་ཡང་བསྐྱར་གལ་སྲིད་དཔལ་འབྱོར་གྱི་གནས་སྟངས་ད་དུང་དལ་མོ་དང་། དེ་བཞིན་ལས་མེད་ཀྱི་གྲངས་འབོར་ཇེ་མང་དུ་ཕྱིན་བཞིན་ཡོད་པ་ཁོང་ཚོས་ཤེས་རྟོགས་དང་། སྐྱེད་སྤར་གྱི་གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་ཕྱིན་པ་མཐོང་ཚེ་འགྱུར་བ་འགྲོ་རྒྱུ་རེད། ཡང་ཕྱི་ཟླ་ ༥ པ་དང་ ༦ པའི་ནང་དཔལ་འབྱོར་གྱི་གནས་བབས་ལ་བལྟས་ནས་གཅིག་བྱས་ན་སྐྱེད་ཀ་མུ་མཐུད་སྤར་སྲིད་པ་རེད་ཅེས་གསུངས་འདུག
ནོ་སྲིད་བློན་ཆེན་ཁེ་ཊེ་གྷ་ལཱ་གྷར་ Katy Gallagher ལགས་ཀྱིས་སྐྱེད་སྤར་གྱི་བརྒྱ་ཆ་རྩེ་མོར་སླེབས་ཚར་ཡོད་པ་རེད། འོན་ཀྱང་ད་དུང་དེ་སྔོན་གྱི་དམིགས་ཚད་སྐྱེད་ཀ་བརྒྱ་ཆ་ ༢ དང་ ༣ ལས་མཐོ་བ་བསྡད་ཡོད་པ་རེད་ཅེས་གསུངས་འདུག
ཁོང་མོས་དངུལ་སྐྱེད་དང་ཅ་དངོས་ཀྱི་རིན་གོང་དམའ་རུ་གཏོང་རྒྱུ་ནི་ཕྱི་ཟླ་ ༥ པའི་ནང་གི་སྔོན་རྩིས་ནང་གི་གནད་འགག་ཆེ་ཤོས་ཤིག་ཆགས་ཡོད་སྐོར་བརྗོད་འདུག
ཁོ་མོས་དེ་རིང་དབུས་དངུལ་ཁང་གི་ཐག་གཅོད་དེ་ལ་ང་ཚོས་དགའ་བསུ་ཞུ་རྒྱུ་རེད། ཡིན་ན་ཡང་ང་ཚོས་ཤེས་གསལ་ལྟར་ཨོ་སི་ཊོ་ལི་ཡའི་མི་མང་མང་པོ་ཞིག་དང་ཚོང་ལས་ཁག་མང་པོ་ཞིག་འགྲོ་སོང་ཆེ་དྲག་པས་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་རེད། མ་ཚད་བུན་ལོན་གྱི་སྐྱེད་ཀ་མཐོ་དྲག་པ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་རེད།