ཁྱིམ་ཚང་སྐོར་གྱི་བཅའ་ཁྲིམས་དེ་ཆང་ས་བརྒྱབ་པའི་བཟའ་ཚང་དང་། མཚན་མཐུན་བཟའ་ཚང་། དེ་བཞིན་ལྟ་སྐྱོང་བྱེད་མཁན་དཔེར་ན་སྤོ་བོ་རྨོ་བོ་སོགས་ཚང་མ་ལ་གཅིག་གྱུར་ཆགས་ཀྱི་ཡོད།
དེས་ཕྲུ་གུ་དེར་ཕ་མ་གཉིས་ཀ་དང་དོན་དང་ལྡན་པའི་འབྲེལ་བ་ཉར་རྒྱུའི་ཐོབ་ཐང་འགན་ལེན་བྱས་པ་ཞིག་ལས། ཁྱིམ་ཚང་གཅིག་གི་ནང་དུ་ཕོ་མོ་དང་ཁྱིམ་བདག་གི་ནུས་པ་ཚོད་འཛིན་བྱས་པ་ཆགས་ཀྱི་མེད།
དེར་བརྟེན་ཁ་གྱེས་རྗེས་ཕ་མ་གཉིས་ཀར་རང་འགུལ་གྱིས་ཕྲུ་གུར་ལྟ་རྟོག་བྱེད་པའམ་ཡང་ན་ཕ་མ་གཞན་ཞིག་གི་ཚབ་བྱས་ནས་ཐག་གཅོད་བྱེད་པའི་དབང་ཆ་མེད།
བྷེར་ནཱ་དྷེ་ཐི་གྷ་རན་དྷེ་ནེ་ཐི་ Bernadette Grandinetti ལགས་ནི་ཝི་ཊོ་རི་ཡ་བཅའ་ཁྲིམས་རོགས་སྐྱོར་སྡེ་ཚན་ནང་ལག་བསྟར་ལས་འཆར་འགན་འཛིན་རེད། ཁོ་མོས་ཕ་མའི་འགན་འཁུར་དེ་ཁྲིམས་ཐོག་ནས་བགོ་བཤའ་བརྒྱབ་ཡོད་སྐོར་བརྗོད་འདུག
ཁྱིམ་ཚང་གི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་ཕ་མའི་འགན་འཁྲི་འདྲ་མཉམ་ཐོག་ནས་འཁུར་དགོས། དེའི་གོ་དོན་ནི་ཁྱིམ་བདག་གི་འགན་འཁྲི་ལ་བསམ་བློ་གཏོང་བའི་གཞི་འཛིན་ས་ནི་བྱིས་པར་ཡུན་རིང་གི་ཐག་གཅོད་གལ་ཆེན་བྱས་པ་དེ་ཡིན་ཞིང་། དེ་ནི་ཕ་མའི་ཐུན་མོང་གི་འགན་འཁྲི་འཁུར་རྒྱུ་དེ་ཡིན་རེད་ཅེས་གསུངས་འདུག
ཡིན་ན་ཡང་གནས་ཚུལ་གལ་ཆེན་ཞིག་ལ། གལ་སྲིད་ནང་མི་དབར་དྲག་སྤྱོད་ཀྱི་གནས་ཚུལ་བྱུང་ཚེ། ཁྲིམས་ཁང་གཅིག་པུས་ཕ་མ་དེ་ཕྲུ་གུར་ཐུག་རྒྱུ་བཀག་འགོག་བྱེད་ཐུབ་ཀྱི་ཡོད།
ཕ་མ་དབར་ཕྲུ་གུ་ལྟ་སྐྱོང་བྱེད་པའི་འགན་འཁུར་མཉམ་ལེན་ནི། ཕ་མ་གཉིས་ཀས་ཕྲུ་གུའི་འཚོ་བར་རྒྱབ་སྐྱོར་ངེས་པར་དུ་བྱེད་དགོས་པ་ཡིན། ཡིན་ན་ཡང་དེའི་གོ་དོན་ནི་ཕྲུ་གུ་ཞིག་ལ་ཕ་མ་གཉིས་ཀར་དུས་ཚོད་གཅིག་པ་གཏོང་དགོས་ཞེས་པའི་གོ་དོན་དེ་མ་རེད། ལྕམ་གྷ་རན་དྷེ་ནེ་ཐི་ལགས་ཀྱིས་ཕ་མ་གཉིས་ཐུན་མོངས་ཐོག་ནས་ཕྲུ་གུར་བཀོད་སྒྲིག་གང་ཞིག་ཆེས་འོས་ཤིང་འཚམ་པ་དེ་ཡིན་མིན་བལྟ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ལོག་ག་བྱེད་མཁན་བཟའ་ཚང་མང་པོ་ཞིག་གིས་ཁོང་ཚོས་སོ་སོ་དབར་སྐད་ཆ་བྱེད་ནས་ཕྲུ་གུ་ལྟ་སྐྱོང་བྱེད་མཁན་བཀོད་སྒྲིག་བྱེད་ཀྱི་ཡོད། དེ་ཡང་ཕ་མ་ཕན་ཚུན་དབར་རྒྱུན་ལྡན་འགྲོ་ལུགས་ལྟར་མིན་པ་དང་། ཡང་ན་ངག་ཐོག་དང་གཞན་ཡང་ཡིག་ཐོག་ཏུ་བཀོད་ནས་ས་ཡིག་བརྒྱབ་རྗེས། དེ་ནི་ང་ཚོས་ལབ་བསྡད་པའི་ཕ་མའི་ལྟ་སྐྱོང་འཆར་གཞི་ཟེར་བ་དེ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཕ་མས་ལྟ་སྐྱོང་འཆར་གཞི་ནང་ད་ལྟར་ཕྲུ་གུར་འགྲོ་སོང་འགྲོ་བཞིན་པའི་དཔལ་འབྱོར་འཆར་གཞི་སོགས་ཚུད་ཀྱི་ཡོད།
རྒྱལ་ས་ཁེམ་བྷེ་ར་ནས་བུད་མེད་ཀྱི་བཅའ་ཁྲིམས་ཞབས་ཞུ་ལྷན་ཁང་ནང་ཁྲིམས་ལུགས་སློབ་སྟོན་པ་ཤྲིན་ཧྥ་གྷན་ Shireen Faghani ལགས་ཀྱིས་ཕ་མའི་ལྟ་སྐྱོང་འཆར་གཞི་དེ་གཏན་འབེབས་ཀྱི་འགྲོ་ལུགས་ལྟར་བརྩི་བཞིན་མེད་སྐོར་གསུངས་འདུག
གཞི་རྩར་ཕ་མ་གཉིས་ནས་ཁོང་ཚོའི་ཕྲུ་གུ་མ་འོངས་ལྟ་སྐྱོང་བྱེད་ཕྱོགས་སྐོར་ལ་ཡིག་ཐོག་ཏུ་བཀོད་དགོས་ཀྱི་ཡོད་པ་རེད། འཆར་གཞི་ཡི་གེ་དེའི་འགོར་<<ལྟ་སྐྱོང་འཆར་གཞི་>> ཞེས་བཀོད་ནས་ཟླ་དུས་ཚེས་གྲངས་དང་། དེ་ནི་དཔེར་ན་ཕྲུ་གུ་དེ་ཨ་མའི་མཉམ་དུ་ཉིན་མོ་འདི་དང་འདི་སྡོད་རྒྱུ་དང་། པཱ་ལགས་དང་མཉམ་དུ་ཉིན་མོ་འདི་དང་འདི་སྡོད་རྒྱུ་ཞེས་འབྲི་དགོས། ད་དུང་ཕྲུ་གུར་སྐོར་འབྲེལ་བ་བྱེད་ཕྱོགས་སྐོར་ལ་རྩ་འཛིན་ལམ་སྟོན་ཞིག་ཀྱང་བཟོ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཕྲུ་གུར་ལྟ་སྐྱོང་གི་འཆར་གཞིའི་དམིགས་ཡུལ་ནི་བཟའ་ཚང་ལོགས་སུ་གྱེས་རྗེས་མ་འོངས་པར་ཕྲུ་གུ་ལྟ་སྐྱོང་ཐད་དཀའ་རྙོག་མི་འཕྲད་པའི་ཆེད་དང་། ལྷག་པར་དུ་ཕྲུ་གུའི་ཕ་མ་གཉིས་དབར་འགལ་བ་ཆེ་རུ་མི་འགྲོ་ཆེད་རེད། འོན་ཀྱང་ལྟ་སྐྱོང་འཆར་གཞི་དེ་ཁྲིམས་ཐོག་ནས་རྒྱབ་རྟེན་ཡོད་པའི་ཡིག་ཆ་ཞིག་ཆགས་ཀྱི་མེད།
གལ་སྲིད་ཕ་མ་གང་རུང་ཞིག་གིས་ལྟ་སྐྱོང་འཆར་གཞི་གཞིར་བཟུང་མ་ཕྱིན་ཚེ་ཕ་མ་གང་རུང་དེ་ཁྲིམས་ཁང་ནང་སྐྱེལ་ཐུབ་ཀྱི་མེད། ལྟ་སྐྱོང་འཆར་གཞི་དེ་ནི་སྟབས་བདེ་ཆེད་དུ་བཟོས་པ་ཞིག་ཡིན་དགོས། ཕྲུ་གུ་ལོ་ན་ཇེ་ཆེར་སོང་བ་དང་ཁོང་ཚོའི་དགོས་མཁོ་ཡང་འགྱུར་བ་ཕྱིན་ཚེ་ལྟ་སྐྱོང་འཆར་གཞི་དེ་ཡང་འགྱུར་བ་གཏོང་ཆོག འགྱུར་བ་ཁ་སྣོན་དེ་ཁྱེད་རང་དང་ཁྱེད་རང་གི་བཟའ་ཟླ་ཟུར་པ་གཉིས་མོས་ཁོ་ན་ཐོག་ནས་བཟོ་བཅོས་རྒྱག་ཆོག མཚམས་རེར་ཕྱོགས་གཉིས་ཀས་མོས་མཐུན་ཡོང་བར་མི་སྣ་གསུམ་པ་ཞིག་ལ་རོགས་རམ་ཞུ་དགོས་ཡང་འཁེལ་སྲིད་ཅེས་གསུངས་འདུག
མཚམས་རེར་ཕྲུ་གུའི་ཕ་མ་གཉིས་དབར་ཕྲུ་གུ་ལྟ་སྐྱོང་གི་འཆར་གཞི་དེ་ཁྲིམས་དང་ལྡན་པ་ཞིག་བཟོ་འདོད་ཡོད་ཚེ། དྲ་ཐོག་ནས་ Federal Circuit དང་ཡང་ནང་ཨོ་སི་ཊོ་ལི་ཡའི་ཁྱིམ་ཚང་གི་ཁྲིམས་ཁང་ཁྲིམས་ཐོག་ནས་གན་རྒྱ་བཟོ་ཆོག་གི་ཡོད་པ་རེད། གལ་སྲིད་ཕྲུ་གུའི་ཕ་མ་གཉིས་དབར་མོས་མཐུན་མ་བྱུང་ཚེ། གོམ་སྟབས་རྗེས་མ་དེ་ཁྱིམ་ཚང་གི་རྩོད་རྙོག་གི་ཐག་གཅོད་ཐོག་འགྲོ་དགོས་ཀྱི་ཡོད་པ་རེད་ཅེས་བྷེར་ནཱ་དྷེ་ཐི་གྷ་རན་དྷེ་ནེ་ཐི་ Bernadette Grandinetti ལགས་ཀྱིས་འགྲེལ་བརྗོད་གནང་འདུག
སྐབས་དེར་བར་འདུམ་གནང་མཁན་གྱི་རོགས་རམ་འོག་ཕྲུ་གུའི་ཕ་མ་ཕན་ཚུན་དབར་གྲོས་མོལ་བྱེད་ཆོག་གི་ཡོད། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་ཡོད་པའི་བཅའ་ཁྲིམས་རོགས་སྐྱོར་ལྷན་ཁང་གིས་ཐོབ་ཐང་ཡོད་པའི་གང་ཟག་ལ་དཔལ་འབྱོར་རོགས་རམ་སོགས་ཀྱིས་ཁྲིམས་མཐུན་གྱི་བར་འདུམ་རོགས་རམ་སོགས་གནང་གི་ཡོད། ད་དུང་ལོགས་སུ་གྱེས་པའི་བཟའ་ཚང་རྣམས་ལ་སྤྱི་ཚོགས་གཞིར་བཞག་པ་དང་སྒེར་གྱི་བར་འདུམ་བསམ་ཚུལ་གཞིར་བཞག་པ་དེ་འདྲ་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་ཁྱིམ་ཚང་ཁྲིམས་ཁང་གི་མཐོ་རིམ་ཁྲིམས་འཛིན་ཐོ་འགོད་པ་ཨ་ནེ་མཱ་རེའེ་རེའ་སི་ Anne-Marie Rice ལགས་ཀྱིས་ལོག་ག་བྱས་པའི་ཕ་མ་མང་ཆེ་བ་ཞིག་ཁྲིམས་ཁང་ལ་མི་འགྲོ་བར་ཕྲུ་གུ་ལྟ་སྐྱོང་གྲོས་མཐུན་བཞག་གི་ཡོད་སྐོར་བརྗོད་འདུག
ཕྲུ་གུ་ལྟ་སྐྱོང་སྐོར་ཕྲུ་གུའི་ཕ་མ་ཕན་ཚུན་དབར་གྲོས་མོལ་བྱས་པ་དེ་ཕན་ཐོགས་ཆེ་བ་དང་རྩོད་རྙོག་ཉུང་བ། ད་དུང་ཕྲུ་གུ་ངེས་བརྟན་ཆེ་བ་ཆགས་ཀྱི་ཡོད་པ་རེད། ཕ་མ་མང་ཆེ་བ་ཞིག་ཁྲིམས་རར་ཞུགས་པ་ལས་ཐབས་ལམ་འདི་འགྲུབ་ཐབས་བྱེད་ཀྱི་ཡོད། མཚམས་རེར་གལ་སྲིད་ཁྲིམས་ཁང་ནང་འགྲོ་བ་ཡིན་ན་ཡང་གྲོས་མཐུན་དེ་འདྲ་ཞིག་ཡོང་རྒྱུ་ཁག་པོ་ཡོད་ལ། ཁྲིམས་དཔོན་གྱི་མདུན་དུ་ཁྲིམས་ཐག་ཆོད་རྒྱུའི་གོ་སྐབས་ཧ་ཅང་དམའ་མོ་ཡིན། ཁྲིམས་ཁང་གིས་ཁྱེད་རང་དང་ཁྱེད་རང་གི་ཕྲུ་གུ་བདེ་འཇགས་ཡོང་ཐབས་ཀྱི་གྲོས་མོལ་ཞིག་ཡོང་རྒྱུའི་ཐབས་ལམ་འཚོལ་བར་རོགས་རམ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
རའེ་སི་ལགས་ཀྱིས་ཁྲིམས་ཁང་གིས་ཁྱིམ་བདག་ལ་རྩོད་གཞི་མགྱོགས་མྱུར་དང་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་རོགས་བྱེད་པའི་འོས་འགན་ཡོད། འོན་ཀྱང་དེ་ནི་ཐོག་མ་ཉིད་ནས་གདམ་ག་ཞིག་གཏན་ནས་མ་རེད་ཅེས་གསུངས་འདུག
ངའི་བསམས་པར་ཁྱིམ་ཚང་གི་བཅའ་ཁྲིམས་ལམ་ལུགས་ནང་ལས་ཀ་བྱེད་མཁན་ཚང་མས་ཁྲིམས་ཁང་ནི་དཀའ་རྙོག་སེལ་བར་འགྲོ་ས་མཐའ་མ་དེ་རེད་ཅེས་བརྗོད་ཀྱི་རེད། འོན་ཀྱང་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་མི་སུ་ཞིག་ཕྲུ་གུའི་ཆེད་ཁྲིམས་ཁང་ནང་འགྲོ་འདོད་ཡོད་ཚེ་འགྲོ་ལུགས་ལྟར་བྱས་ནས་ཐོ་འགོད་བྱེད་ཆོག་གི་རེད། འོན་ཀྱང་དེ་ནི་ཛ་དྲག་ཞིག་དང་ཉེན་ཁ་ཡང་ཆེན་པོ་ཞིག་རེད། དང་ཐོག་ཕ་མ་གཞན་དེ་དང་མཉམ་དུ་མོས་མཐུན་ཞིག་ཡོང་ཐབས་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་འདུག
གལ་སྲིད་ཁྱེད་རང་ཕྲུ་གུ་ལྟ་སྐྱོང་གྲོས་མཐུན་ཐད་སེམས་ལ་གནོན་ཤུགས་སླེབས་པ་དང་། ཁྱིམ་ཚང་ནང་གི་དྲག་སྤྱོད་ཀྱི་དཀའ་ངལ་འཕྲད་མྱོངས་ཡོད་ཚེ། ཐག་གཅོད་ཅིག་མ་བྱས་སྔོན་ལ་ཁྲིམས་རྩོད་པ་ཞིག་དང་མཉམ་དུ་གྲོས་བསྡུར་ལམ་སྟོན་ཞུ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།