ས་གནས་བོད་མིར་དགོས་མཁོ་དང་དཀའ་ངལ་སེལ་ཐབས་ཀྱི་ཟབ་སྦྱོང་ངོ་སྤྲོད།

Community Coming Together  (2).jpg

ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ཨོ་སི་ཊོ་ལི་ཡའི་ Ethnic Community Services ཞེས་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་དེའི་ནང་སྲིད་སྤྱི་ཚོགས་མཉམ་འདུས་ Community Coming Together ཞེས་པའི་ལས་འཆར་གྱི་འགན་འཛིན་ Lisa ལགས་ཁེམ་བྷེལ་ཊོན་ Cambelltown ས་གནས་སུ་ཕེབས་ཏེ། ས་གནས་དེར་ཡོད་པའི་བོད་མི་རྣམས་ལ་དགོས་མཁོ་དང་དཀའ་ངལ་སེལ་ཐབས་སྐོར་གྱི་ཟབ་སྦྱོང་ལས་རིམ་ཞིག་ངོ་སྤྲོད་གནང་སོང་།


ཁོ་མོས་ཐོག་མར་ཁོང་ཚོའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ངོ་སྤྲོད་སྐབས་ཁོང་ཚོའི་ཚོགས་པ་དེ་ལ་དབང་པོ་སྐྱོན་ཅན་ཞབས་ཞུ་དང་། རྒན་ཁོག་ཞབས་ཞུའི་ལས་དོན་ད་དུང་ཕྲུ་གུ་ལྟ་སྐྱོང་གི་ཞབས་ཞུ་ལས་དོན་བཅས་ཡོད་སྐོར་ངོ་སྤྲོད་གནང་སོང་།

དེ་རྗེས་ཁོ་མོས་ས་གནས་འདིར་ཡོད་པའི་བོད་མི་རྣམས་ལ་དགོས་མཁོ་དང་དཀའ་ངལ་ག་རེ་འཕྲད་བཞིན་ཡོད་མེད་བཀའ་འདྲི་གནང་སྐབས་བོད་མི་ཁག་ཅིག་གིས་རྒྱུན་དུ་ས་ཁང་ཉོ་འཚོང་སྐབས་ཀྱི་བརྒྱུད་རིམ་དང་འགྲོ་སྟངས་སྐོར་ཟབ་སྦྱོང་སྤྲོད་མཁན་ཞིག་བྱུང་ན་བོད་མི་རྣམས་ལ་ཕན་ཐོགས་ཆེན་པོ་ཆགས་རྒྱུ་ཡིན་སྐོར་དང་། ཡང་བོད་མི་ཁག་ཅིག་གིས་རྒྱུན་དུ་ཚོང་ལས་ཆུང་ཆུང་གཉེར་སྟངས་དང་འགོ་བཙུགས་སྟངས་གང་འདྲ་བྱེད་དགོས་མིན། ད་དུང་དཔྱ་ཁྲལ་ཆགས་ཡང་དང་རོགས་དངུལ་ཞུ་སྟངས་སྐོར་ཟབ་སྦྱོང་སྤྲོད་མཁན་ཞིག་བྱུང་ན་ཕན་ཐོགས་ཆེན་པོ་ཡོད་སྐོར་ཞུས་སོང་།

ཡང་བོད་མི་གཞན་ཞིག་གིས་ས་གནས་འདིར་གསར་དུ་འབྱོར་བའི་བོད་མི་མང་པོ་ཞིག་ཡོད་པས་ཁོང་ཚོར་རྒྱུན་དུ་རོགས་རམ་བྱེད་མཁན་དེ་འདྲ་ཆེད་འཛུགས་ཐུབ་པ་ཡིན་ན་ཁོང་ཚོར་སློབ་སྦྱོང་དང་། ལག་ཤེས་སྦྱོང་བརྡར་ཁག་ལ་ཞུགས་སྟངས་དང་ལས་ཀ་འཚོལ་སྟངས། གཞན་ཡང་སྨན་ཁང་སོགས་ལ་འགྲོ་སྐབས་དཀའ་ངལ་སེལ་ཐུབ་པའི་ཕན་ཐོགས་ཆེན་པོ་ཆགས་རྒྱུ་ཡིན་སྐོར་སོགས་ཞུས་སོང་།

ཁོ་མོས་བོད་མི་རྣམས་ཀྱི་བསམ་ཚུལ་དང་རེ་སྐུལ་དེ་དག་ཧ་ཅང་གལ་གནད་ཅན་ཞིག་ཏུ་མཐོང་བ་དང་། ཁོང་ཚོའི་ཚོགས་པ་ངོས་ནས་གང་ཐུབ་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། ལས་རིགས་ཁག་ཅིག་ཁོང་ཚོའི་ཚོགས་པར་མཐུན་རྐྱེན་དང་ཞབས་ཞུ་མེད་ཀྱང་། དམིགས་བསལ་ཆེད་ལས་ཚོགས་པ་དང་སྡེ་ཚན་ཁག་དེ་འདྲ་དང་འབྲེལ་གཏུགས་ཀྱིས་ཟླ་བ་རེའི་ནང་ས་གནས་བོད་མིའི་རེ་སྐུལ་དང་དགོས་མཁོ་ལ་གཞིགས་ནས་ཆེད་ལས་མི་སྣས་ཟབ་སྦྱོང་ཐེངས་རེར་ཙམ་གོ་སྒྲིག་ཐུབ་ཐབས་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

ཡང་ཁོ་མོས་མཚམས་རེར་དང་བླངས་ཀྱི་ལས་དོན་ལ་ཞུགས་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་པ་དང་། དང་བླངས་ཀྱི་ལས་དོན་ལ་ཞུགས་པ་ཡིན་ན་གཅིག་ནི་སོ་སོར་ལས་ཀའི་ཉམས་མྱོངས་གསོག་ཐུབ་པ་དང་། གཉིས་ནས་གདེང་ཚོད་ཆེ་རུ་འགྲོ་བ། མ་ཚད་དང་བླངས་ཀྱི་ལས་དོན་དེ་དང་འདྲ་བའི་ལས་ཀ་ཞིག་འཚོལ་སྐབས་དང་བླངས་ཀྱི་ལས་ཀ་བྱེད་ས་དེ་ནས་ངོ་སྤྲོད་རྒྱབ་གཉེར་སོགས་སྤྲོད་ཀྱི་ཡོད་པས་དེས་ལས་ཀ་གསར་པ་རག་པར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་།

ཁོང་ཚོའི་ཚོགས་པ་དེ་ནི་གཙོ་བོར་དབང་པོ་སྐྱོན་ཅན་རྣམས་ལ་ལྟ་སྐྱོང་དང་དབང་པོ་སྐྱོན་ཅན་རྣམས་ལ་ལས་རིགས་སྦྱོང་བརྡར་སྤྲོད་ས་དང་ལས་ཀ་འཚོལ་རོགས་སོགས་ཀྱི་ཞབས་ཞུ་སྒྲུབ་མཁན་ཞིག་ཡིན་ཡང་། གལ་སྲིད་བོད་མི་སུ་ཞིག་ཁོང་ཚོའི་ཚོགས་པ་དེར་དང་བླངས་ལས་རིགས་ཁག་ལ་ཞུགས་འདོད་ཡོད་ཚེ་ཅ་རྐྱེན་སྟབས་བདེ་གཅིག་རང་ཡོད་པ་ནི། ང་ནི་དབང་པོ་སྐྱོན་ཅན་ཡིན་ཉེ་ཆར་སེམས་ཁམས་སྐྱིད་པོ་དེ་ཙམ་མ་བྱུང་ཟེར་བ་ཙམ་གྱིས་འགྲིག་གི་ཡོད་པ་དང་། དབང་པོ་སྐྱོན་ཅན་ཡིན་པའི་སྨན་པས་ངོ་སྤྲོད་ཡིག་ཆ་དེ་འདྲ་གང་ཡང་དགོས་ཀྱི་མེད་སྐོར་གསུངས་སོང་།



Share