ཁྱེད་ཀྱི་དབྱིན་ཡིག་གི་རྩལ་གོང་མཐོར་གཏོང་ཐབས་ཀྱི་གོ་རིམ།

steps to boost your language skills.jpg

དབྱིན་ཡིག་དང་དབྱིན་སྐད་བྱང་ཆུབ་པ་ཞིག་ཆགས་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་དང་། ཨོ་སི་ཊོ་ལི་ཡའི་དབྱིན་སྐད་ཀྱིི་སྒྲ་གདངས་དང་ཡུལ་སྐད་ནི་དེ་ལས་ཀྱང་དཀའ་ལས་ཁག་པོ་ཡོད་པ་ཚང་མས་ཤེས་གསལ་ཡིན་པས། དབྱིན་ཡིག་དང་དབྱིན་སྐད་གསར་དུ་སྦྱོང་མཁན་རྣམས་ལ་དཀའ་ངལ་མང་པོ་ཞིག་ཡོད་པ་རེད།


མར་སེ་ལ་ཨ་གྷེ་ལར་ Marcella Aguilar ནི་ཨོ་སི་ཊོ་ལི་ཡ་ནང་སྲིད་ལྷན་ཁང་གིས་བཙུགས་པའི་ AMEP ཞེས་ཡུལ་མི་གནས་སྤོ་བ་མི་དར་མ་རྣམས་ཀྱི་ཆེད་དབྱིན་ཡིག་སློབ་སྦྱོང་གི་ལས་རིམ་དེའི་དང་བླངས་དགེ་རྒན་འབྲེལ་མཐུད་པ་ཞིག་རེད།

ཁོ་མོས་ཞེད་སྣང་ནི་མི་ཚང་མའི་འགལ་རྐྱེན་ཆེ་ཤོས་དེ་རེད་ཅེས་གསུངས་འདུག ཁོ་མོས་མི་སུ་ཞིག་ཐོག་མར་ཨོ་སི་ཊོ་ལི་ཡར་འབྱོར་སྐབས་ཕལ་ཆེར་ཁོང་ཚོ་ལོ་ན་ཆེན་པོ་ཆགས་ཚར་ཡོད་སྲིད་ལ། ཁོང་ཚོས་སློབ་སྦྱོང་གི་གོ་སྐབས་ལས་བརྒལ་ཚར་ཡོད་པའི་ཚོར་སྣང་ཀྱང་སླེབས་སྲིད། མ་ཚད་ཁོང་ཚོ་དེ་སྔོན་སློབ་གྲྭ་འགྲོ་བའི་གོ་སྐབས་མ་རག་པ་དང་། སློབ་སྦྱོང་བྱེད་སྟངས་ཀྱི་ཐབས་ལམ་མི་ཤེས་པ། རིག་གཞུང་གསར་པ་ཞིག་གོམས་འདྲིས་མེད་པ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད།

མ་ཚད་མི་རྣམས་ལ་འགོག་རྐྱེན་ཆེ་ཤོས་ཤིག་ཡོད་པ་ནི་ངས་ནོར་འཁྲུལ་བཟོ་སྲིད་པ་རེད་བསམས་ནས་ཞེད་སྣང་བྱེད་བཞིན་པ་དེ་རེད།  དེ་ནི་ཁྱོ་མེད་པ་རང་རེད། མི་ཚོས་ཁྱེད་རང་གི་ནོར་འཁྲུལ་ག་རེ་བཟོ་བཞིན་ཡོད་མེད་ལ་ཇུས་གཏོགས་བྱེད་ཀྱི་མ་རེད། སྐབས་ཡིག་ནི་མི་ཕན་ཚུན་འབྲེལ་ལམ་གྱི་ཆེད་དུ་ཡིན་པས། ཁྱེད་རང་གིས་སྐད་ཡིག་དེ་ག་ཚོད་བེད་སྤྱོད་མང་བ་བྱེད་པ་དེ་ཚོད་ཀྱིས་རིམ་བཞིན་ཡར་རྒྱས་འགྲོ་ངེས་རེད་ཅེས་གསུངས་འདུག

ཨ་ལེ་སོན་ལེན་ནོན་ Alison Lennon ལགས་ནི་ལན་ཕོར་ཊི་དབྱིན་ཡིག་མཐོ་སློབ་ཀྱི་འགན་འཛིན་ཞིག་རེད། ཁོ་མོས་ང་ཚོས་དབྱིན་ཡིག་དབྱིན་སྐད་དེ་གཙོ་བོར་ཉིན་རེའི་འཚོ་བ་ཁྲོད་ནས་ཡར་རྒྱས་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོ་མོས་ངའི་བསམ་པར་ཁོང་ཚོ་འདི་ནས་དབྱིན་ཡིག་གི་རྨང་གཞི་གང་མང་ཞིག་རག་ཡོད་རེད་ལ། དེས་ཨོ་སི་ཊོ་ལི་ཡའི་ནང་ཉིན་རེའི་འཚོ་བའི་ནང་དབྱིན་ཡིག་སྦྱང་སྤྱོད་ལ་གདེང་ཚོད་ཆེན་པོ་ཞིག་སྤྲད་ཡོད་པ་རེད་བསམས་ཀྱི་ཡོད།  ཁོང་ཚོ་ཐོག་མར་འདི་ལ་འབྱོར་སྐབས་དབྱིན་ཡིག་གི་སྦྱོང་བརྡར་མེད་པ་དང་། དབྱིན་ཡིག་གི་ཆུ་ཚད་དམའ་མོ་ཞིག་གི་ཐོག་ནས་སླེབས་པ་རེད། རིམ་བཞིན་ཁོང་ཚོ་དབྱིན་ཡིག་གི་སྦྱོང་བརྡར་གང་འཚམ་ཐོབ་རྗེས་མ་འོངས་པར་ལས་ཀ་སོགས་ལ་ཕན་ཐོགས་ངེས་ཅན་ཡོང་གི་རེད་ལ། མ་ཚད་མ་འོངས་པར་མུ་མཐུད་སློབ་སྦྱོང་བྱེད་པ་ལ་ཡང་རྨང་གཞི་ཡག་པོ་ཞིག་བསྐྲུན་ཐུབ་ཡོད་པ་རེད་བསམས་ཀྱི་ཡོད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་ནང་མཚམས་རེར་ཐོངས་ཆེན་མ་འདྲ་བ་ལ་བརྟེན་ནས་གསར་པ་གཞིས་སྤོ་ལ་སླེབས་མཁན་རྣམས་ལ་དབྱིན་ཡིག་གི་རྨང་གཞི་ག་ཚོད་ཡོད་མེད་དཔངས་རྟགས་ཀྱང་དགོས་ཀྱི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡ་གཞུང་གིས་མཚམས་རེར་ཐོངས་ཆེན་ཞུ་མཁན་རྣམས་ལ་དབྱིན་ཡིག་གི་རྨང་གཞི་ག་ཚོད་ཡོད་མེད་ཡིག་ཚད་ཐེངས་འགར་གཏོང་གི་ཡོད། དེ་ཡང་བཙུགས་ལག་སློབ་གཉེར་ཁང་དང་། སྒེར་གྱི་མཐོ་སློབ། སྐད་ཡིག་ལྟེ་གནས། TAFES སོགས་ཀྱིས་ལག་འཁྱེར་ངོས་འཛིན་ཆེད་ IELTS (རྒྱལ་སྤྱིའི་དབྱིན་ཇིའི་སྐད་ཡིག་ཡིག་རྒྱུགས་ལམ་ལུགས་) དང་ CAE (ཁེམ་བྷེ་རེ་ཇི་དབྱིན་ཡིག་གི་ཚད་འཛིན་) དང་ TOEFL (དབྱིན་ཡིག་དེ་བཞིན་ཕྱི་རྒྱལ་གྱི་སྐད་ཡིག་ལྟར་ཡིག་ཚད་) སོགས་ཀྱི་ཐོག་ནས་ལག་འཁྱེར་ངོས་འཛིན་གྱི་ཡིག་ཚད་གཏོང་གི་ཡོད།

ཧེ་སི་ཊར་མོས་ཊར་ཊི་ Hester Mostert ལགས་ནི་དབྱིན་ཇིའི་སྐད་ཡིག་གི་དགེ་རྒན་ཞིག་རེད།

ཁོ་མོས་དབྱིན་ཇི་སློབ་སྦྱོང་བྱེད་པར་བདམ་ག་སྣ་ཚོགས་ཤིག་ཡོད་དུས་མཐའ་མའི་དམིགས་ཡུལ་གསལ་པོ་ཤེས་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཁོ་མོས་ཐོག་མར་ཁྱེད་རང་ལ་སློབ་སྦྱོང་བྱ་རྒྱུའི་བདམ་ག་ཞིག་ཡོད་སྐབས་སུ། ག་རེ་བྱེད་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་མེད་དང་།  སློབ་སྦྱོང་གི་དུས་ཡུན་རིང་ཐུང་ག་ཚོད་འགོར་གྱི་ཡོད་མེད། སློབ་སྦྱོང་དེར་འགྲོ་སོང་ག་ཚོད་འགྲོ་རྒྱུ་ཡིན་མིན་སོགས་བལྟ་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན་སློབ་ཕྲུག་ཁག་ཅིག་འདི་ལ་འཁྱམ་འཁྱམ་དེ་འདྲ་སླེབས་སྐབས། སྤྱིར་བཏང་དུས་ཐུང་གི་དབྱིན་ཡིག་སྦྱོང་བརྡར་དེ་འདྲ་བྱེད་འདོད་ཡོང་གི་རེད། མ་ཚད་སློབ་ཕྲུག་ཁག་ཅིག་གཙུག་ལག་སློབ་གཉེར་ཁང་དེ་འདྲ་ནས་སློབ་ཐོན་བྱེད་ནས་ཕྱིར་ཕ་ཡུལ་ལ་ལོག་འདོད་ཡོད་མཁན་དེ་འདྲ་ཡང་ཡོང་གི་རེད། དུས་ཡུན་རིང་པོའི་སློབ་སྦྱོང་གི་གོ་སྐབས་དེ་འདྲ་དཔེར་ན་ TAFE དང་གཙུག་ལག་སློབ་གཉེར་ཁང་དེ་ཚོ་ནས་རག་གི་ཡོད་པ་རེད་ཅེས་གསུངས་འདུག

སློབ་ཕྲུག་གི་ཐོངས་ཆེན་ལ་དམིགས་བསལ་ཆ་རྐྱེན་ཞིག་ཡོད་པ་ནི་སློབ་ཕྲུག་ཚོས་འཛུལ་ཞུགས་བྱེད་སའི་སྐད་ཡིག་སློབ་གཉེར་ཁང་དེ་ལ་བདུན་ཕྲག་རེར་དུས་ཡུན་ཆུ་ཚོད་ ༢༠ དངོས་སུ་འཛིན་གྲྭར་ཡོང་དགོས་ཀྱི་ཡོད་པ་རེད།

སྐད་ཡིག་སློབ་གྲྭ་ཁག་ཅིག་གིས་ཁྱེད་རང་ཆེད་སྦྱོང་དངོས་སུ་འགོ་འཛུགས་མ་བྱས་གོང་ལ་ལམ་སྟོན་འཛིན་གྲྭ་ཞིག་ཚུགས་བཞིན་ཡོད་པ་དང་། དེ་བཞིན་སྦྱོང་བརྡར་གཞན་ཁག་ཅིག་གིས་ཀྱང་ཁྱེད་རང་དབྱིན་ཡིག་གི་ཡིག་ཚད་ཚད་ལྡན་དེ་འདྲའི་ཆེད་དུ་གྲ་སྒྲིག་རོགས་རམ་དེ་འདྲ་ཡང་བྱེད་ཀྱི་ཡོད་པ་རེད།

ཨ་ལེ་སོན་ལེན་ནོན་ Alison Lennon ལགས་ཀྱིས་རྒྱལ་ཁབ་དང་ལུང་པ་མ་འདྲ་བ་ལ་ལག་འཁྱེར་གྱི་ཆ་རྐྱེན་དང་དགོས་མཁོ་མ་འདྲ་བ་ཡོད་པ་རེད། དཔེར་ན། གལ་སྲིད་ཐོངས་ཆེན་འགྱུར་བ་བཏང་བ་དང་ཡང་ན་གཙུག་ལག་སློབ་གཉེར་ཁང་དེ་འདྲར་འགྲོ་འདོད་ཡོད་ཚེ་ IELTS ཞེས་པའི་ལག་འཁྱེར་དེ་དགོས་ཀྱི་ཡོད་པ་རེད། ང་ཚོས་ཁོང་ཚོར་ IELTS སྦྱོང་བརྡར་སྤྲད་ནས་ཁོང་ཚོས་ IELTS ཀྱི་གནས་ཚད་དང་ལག་འཁྱེར་རག་ཐབས་བྱེད་ཀྱི་ཡོད། དབྱིན་ཇིའི་ཁེམ་བྷེ་རེ་ཇིའི་ལག་འཁྱེར་ཁག་ལ་མཚོན་ན། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོརཌ་དབྱིན་ཡིག་གི་ལག་འཁྱེར་དེ་དགོས་མཁོ་ཆེ་བ་ཡོད་པ་དང་། ལག་འཁྱེར་དེ་རག་རྗེས་སོ་སོའི་ལུང་པར་ཕར་ལོག་སྐབས་གཙུག་ལག་སློབ་གཉེར་ཁང་དང་བཟོ་ཚོང་ཁང་ཁག་ལ་ལག་འཁྱེར་དེས་ཕན་ཐོགས་ཆེ་བ་ཡོད། ཡིན་ན་ཡང་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་མཚོན་ན་དུས་རྒྱུན་ལག་འཁྱེར་ TOEIC དེ་དགོས་མཁོ་ཆེ་བ་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་ཨོ་སི་ཊོ་ལི་ཡ་གཞུང་གིས་གཞིས་སྤོས་དང་མི་ཆོས་རིང་ལུགས་ཐོག་ནས་འབྱོར་བའི་མི་དར་མ་རྣམས་ཀྱི་དབྱིན་ཡིག་དབྱིན་སྐད་ཡར་རྒྱས་ཆེད་ AMEP ཞེས་དབྱིན་ཡིག་དབྱིན་སྐད་སྦྱོང་བརྡར་གྱི་ལས་རིམ་ཞིག་བཙུགས་ཡོད་པ་རེད།

AMEP ཀྱི་ལས་རིམ་དེའི་ནང་དང་བླངས་ཀྱི་དགེ་རྒན་བྱེད་མཁན་མེ་ཤལ་ཨ་གྷེད་ལར་ Marcella Aguilar གྱིས་གཟབ་ནན་ཐོག་དགེ་རྒན་གཞན་དང་མཉམ་དུ་སློབ་ཁྲིད་བྱེད་བཞིན་ཡོད། ཁོ་མོས་དགེ་རྒན་ཚོས་དུས་རྒྱུན་དབྱིན་ཡིག་དབྱིན་སྐད་སློབ་རྒྱུ་ཁོ་ན་མིན་པར་ད་དུང་སྐབས་རེར་སློབ་ཕྲུག་ཚོ་ཁེར་རྐྱང་གི་ཚོར་སྣང་དེ་འདྲ་སླེབས་སྐབས་མི་གཞན་དང་གྲོགས་འདྲིས་བྱེད་སྟངས་སྐོར་ལ་ཡང་ལམ་སྟོན་གནང་གི་ཡོད་པས་མ་ཚད།  ད་དུང་དགེ་རྒན་ཚོས་ཁོང་ཚོར་སྤྱི་ཚོགས་དང་འབྲེལ་བ་མཐུད་སྟངས་སྐོར་ལ་ཡང་རོགས་རམ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

Share