ཨོ་སི་ཊོ་ལི་ཡའི་ནང་སྒེར་གྱི་གནས་ཚུལ་རྐུ་འཁྱེར་ལས་རང་ཉིད་སྲུང་སྐྱོབ་བྱེད་སྟངས།

Experts advise how to avoid being scammed.

Experts advise how to avoid being scammed. Source: Getty / Getty Images

ཨོ་སི་ཊོ་ལི་ཡའི་ནང་ངོ་སྤྲོད་ཡིག་ཆ་རྐུ་འཁྱེར་གྱི་གནས་ཚུལ་ནི་ཉེན་ཁ་ཅན་ཞིག་ཆགས་ཡོད་པ་དང་། མི་རྣམས་ཀྱི་ངོ་སྤྲོད་ཡིག་ཆ་རྐུ་འཁྱེར་དང་བོར་བརླག་གྱི་གནས་ཚུལ་ནི་ལོ་ལྟར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། མི་སྒེར་གྱི་ངོ་སྤྲོད་ཡིག་ཆ་རྐུ་འཁྱེར་དང་ཡང་ན་བོར་བརླག་ཕྱིན་པ་དེས་དངུལ་དང་དཔལ་འབྱོར་གྱོང་གུད་དང་། མཚམས་རེར་ཁྲིམས་ཐོག་ནས་ཀྱང་གནས་ཚུལ་ཚབས་ཆེན་ལྷག་གི་ཡོད།


མཚམས་རེར་དེ་ལྟར་བུའི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་དང་བེད་སྤྱོད་ལོག་པར་བཏང་བའི་གནས་ཚུལ་ལྷག་སྐབས་ཐབས་ལམ་ཁ་ཤས་ཐོག་ནས་དེ་ཚོའི་ཉེན་ཁ་ཆུང་དུ་གཏོང་ཐུབ་ཀྱི་ཡོད། 

སྒེར་གྱི་གནས་ཚུལ་རྐུ་འཁྱེར་གྱི་ཉེན་ཁ་དེ་ཨོ་སི་ཊོ་ལི་ཡའི་ནང་སེམས་འཚབ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། དེས་གཞུང་དང་སྒེར་གྱི་ཚོང་ལས་ཁག མི་སྒེར་པ་བཅས་ཀྱི་དཔལ་འབྱོར་རྐུ་འཁྱེར་དང་གྱོང་གུད་གྱི་གནས་ཚུལ་ཚབས་ཆེན་ལྷག་གི་ཡོད།

དེ་ལྟ་བུའི་ངོ་སྤྲོད་ཡིག་ཆ་རྐུ་འཁྱེར་གྱི་གནས་ཚུལ་ལྷག་སྐབས་ཁྱེད་རང་སྒེར་གྱི་ངོ་སྤྲོད་ཡིག་ཆ་སྲུང་སྐྱོབ་བྱེད་ཐབས་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་དང་། ཉེན་ཚབས་ཆུང་དུ་གཏོང་ཐབས་བྱེད་དགོས་པ་ཡིན།

 ཌོ་ཊར་སུ་རན་གྷ་ Dr Suranga Seneviratne ལགས་ནི་སིཌ་ནིང་གཙུག་ལག་སློབ་གཉེར་ཁང་དུ་གློག་ཀླད་ཚན་རྩལ་སྐོར་གྱི་སློབ་དཔོན་ཆེན་མོ་ཞིག་རེད།

ཁོ་མོས་སྒེར་གྱི་ངོ་སྤྲོད་རྐུ་འཁྱེར་གྱི་དམིགས་ཡུལ་གཙོ་བོ་ནི་གཞན་གྱི་དཔལ་འབྱོར་དང་སྒོར་མོ་བརྐུ་ཐབས་ཆེད་དུ་ཡིན་སྐོར་གསུངས་འདུག

གནས་ཚུལ་འདི་རིགས་ནི་དུས་རྒྱུན་དྲ་རྐུན་དང་དྲ་བ་འཇམ་རྒོལ་བྱེད་མཁན་ཚོས་མི་གཞན་ཞིག་ཡིན་ཁུལ་བྱེད་ནས་དངུལ་ཁང་གི་བྱང་བུའི་ཨང་གྲངས་སོགས་རྐུ་འཁྱེར་དང་། དེའི་ཐོག་ནས་དཔྱ་ཁྲལ་གྱི་དངུལ་གཡོ་ལེན། ད་དུང་སྤྱི་ཚོགས་ནང་དངུལ་དངོས་གྱི་ཁེ་ཕན་རག་ཐབས། གཞན་ཡང་ས་ཁང་གི་བུན་གཡར་ཚུན་ཆད་ལ་ཁོང་ཚོས་དངུལ་གཡོ་ལེན་བྱེད་ཀྱི་ཡོད་པ་རེད། དེ་ནི་གཙོ་བོ་མི་གཞན་གྱི་ངོ་སྤྲོད་ཡིག་ཆ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་ནང་ཚོགས་པ་ ACCC ཞེས་པ་དེས་བཟོས་པའི་དྲ་རྐུན་རྟོབས་ཞིབ་ཀྱི་དྲ་བ་བརྒྱུད་ཤེས་རྟོགས་བྱུང་བར་ལྟར་ན། ཕྱི་ལོ་ ༢༠༢༢ ལོར་ཨོ་སི་ཊོ་ལི་ཡའི་ནང་ཨོ་སྒོར་ས་ཡ་ ༥༦༨ ཙམ་དྲ་ཐོག་ནས་རྐུ་འཁྱེར་བྱས་པའི་ཞུ་གཏུགས་བྱས་ཡོད་སྐོར་གསལ་འདུག

གོང་གི་དངུལ་འབོར་དེ་ནི་ལོ་སྔོན་མ་ལས་བརྒྱ་ཆ་ ༨༠ ཙམ་ཡར་འཕར་ཡོད་པ་དང་། ཆེད་མཁས་མི་སྣ་ཚོས་དྲ་ཐོག་ནས་དངུལ་བོར་བརླག་དང་རྐུ་འཁྱེར་གྱི་གནས་ཚུལ་དེ་ལས་མང་བ་ཡོད་ཀྱང་ཚང་མས་ཞུ་གཏུགས་ཐོ་འགོད་བྱེད་ཀྱི་མེད་པ་དང་། གོང་གི་གྲངས་འབོར་དེ་ནི་དམའ་རྩིས་ཤིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག

ངོ་སྤྲོད་ཡིག་ཆ་རྐུ་འཁྱེར་བྱེད་པའི་ཐབས་ལམ་མང་པོ་ཞིག་ཡོད་པ་དཔེར་ན་དྲ་ཐོག་ནས་ཡིག་ཆ་རྐུ་འཁྱེར་དང་། མཚམས་རེར་སྤྱི་ཚོགས་འདུ་འཛོམས་བྱེད་ས་ནས་ཡིག་ཆ་རྐུ་བ། མཚམས་རེར་གད་སྙིགས་བླུག་སྣོད་སོགས་ནས་ཀྱང་གཞན་གྱི་ངོ་སྤྲོད་ཡིག་ཆ་རག་ཐབས་བྱེད་བཞིན་ཡོད་འདུག

ACCC ཞེས་པའི་ཚོགས་པ་དེའི་འགན་འཛིན་གཞོན་པ་ཁ་ཁྲོར་ནཱ་ལོ་ཝེ་ Catriona Lowe ལགས་ཀྱིས་མཚམས་རེར་གལ་གནད་ཆེ་བའི་ཡིག་ཆའི་ཆ་ཤས་ཤིག་ཀྱང་དྲ་རྐུན་དང་གཡོ་ལེན་བྱེད་མཁན་ཚོར་བེད་སྤྱོད་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོ་མོས་དཔེར་ན་ཁྱེད་རང་གི་མིང་དང་། ཁྱེད་རང་སྡོད་སའི་ཁ་བྱང་། དེ་བཞིན་ཁ་པར་ཨང་གྲངས་དེ་ཚོའི་ཐོག་ནས་ཁོང་ཚོས་དེ་ཙམ་བྱེད་མི་ཐུབ་ཀྱང་། ཁྱེད་རང་གི་སྐོར་གྱི་གནས་ཚུལ་ཡིག་ཆ་ཆ་ཤས་ཤིག་རག་ཚེ་ཁོང་ཚོར་གོ་སྐབས་མང་བ་རག་གི་ཡོད་པ་རེད། གཞན་ཡང་དཔེར་ན་མོ་ཊ་གཏོང་ཆོག་པའི་ལག་འཁྱེར་དང་། ཐོངས་ཆེན་ཡིག་ཆ། སྨན་བཅོས་འགན་ལེན་བྱང་བུ་དེ་ཚོའི་རིགས་གཟབ་གཟབ་བྱེད་དགོས་པ་རེད། དཔེར་ན་ཡིག་ཆ་ཆུང་ཆུང་རིགས་དངུལ་འཛིན་རྙིང་པ་དང་། དངུལ་ཁང་གི་དངུལ་གཏོང་ལེན་བྱས་པའི་ཡིག་ཆ་དེ་ཚོའི་རིགས་ཀྱང་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་འདུག

དྲ་ཐོག་རྐུན་མ་རྒྱག་མཁན་དེ་ཚོས་མཚམས་རེར་སྤྱི་ཚོགས་ཀྱི་ལས་དོན་ཁྲོད་ནས་ཀྱང་ཁྱེད་རང་གི་གནས་ཚུལ་དང་ཡིག་ཆ་རྐུ་འཁྱེར་བྱེད་སྲིད་པ་ཞིག་རེད་འདུག

ཌོ་ཊར་ལོ་ཝེ་ Dr Lowe ལགས་ཀྱིས་མཚམས་རེར་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་དེ་ཚོའི་ཐོག་ཡོད་པའི་ཁྱེད་རང་གི་པར་རིས་དང་ནང་མིའི་གནས་ཚུལ་ཐོག་ནས་ཀྱང་ཁོང་ཚོས་འཇམ་རྒོལ་དང་རྐུ་འཁྱེར་བྱེད་པའི་གོ་སྐབས་མང་བ་རག་སྲིད་པ་ཞིག་རེད་ཅེས་གསུངས་འདུག

ང་ཚོས་གོ་ཐོས་ལྟར་ན་མཚམས་རེར་མགོ་སྐོར་གཏོང་མཁན་དེ་ཚོས་སྤྱི་ཚོགས་དྲ་རྒྱ་དེ་ཚོའི་ནང་ཡོད་པའི་ཁྱེད་རང་གི་པར་རིས་དང་། ལོ་རྒྱུས་གནས་ཚུལ་བརྐུས་ནས་ཁོང་ཚོས་ཁེ་ཕན་རག་ཐབས་བྱེད་སྲིད། རྒྱུན་དུ་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་དེ་ཚོའི་ཐོག་ཁྱེད་རང་སྒེར་དང་ནང་མིའི་གནས་ཚུལ་ཞིབ་ཕྲ་འགོད་སྤེལ་ཐད་གཟབ་གཟབ་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

གལ་སྲིད་ཁོང་ཚོར་གནས་ཚུལ་དེ་ཚོ་ལག་པར་ཐེབས་རྗེ་ག་རེ་བྱེད་སྲིད་ཀྱི་རེད་ཟེར་ན། ཌོ་ཊར་ Dr Lowe ལོ་ཝེ་ལགས་ཀྱིས་དེ་ནི་གནས་ཚུལ་ཚབས་ཆེ་ཆུང་ག་རེ་ལྷག་མིན་དེ་ཁོང་ཚོའི་ལག་པར་ཁྱེད་རང་གི་གནས་ཚུལ་ག་ཚོད་རག་ཡོད་མེད་དང་གནས་ཚུལ་ཚད་ལྡན་ག་རེ་རག་ཡོད་མེད་ལ་རག་ལུས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོ་མོས་ཅིག་བྱས་ན་ཁོང་ཚོར་ཁྱེད་རང་གི་དངུལ་ཁང་ཁ་བྱང་ནང་འཛུལ་ཡོད་སྲིད་པ་རེད་ལ། ཅིག་བྱས་ན་ཁོང་ཚོས་ཁྱེད་རང་གི་མིང་ཐོག་ནས་དངུལ་ཁང་གི་ཁ་བྱང་གསར་པ་ཞིག་སྒོ་ཕྱེས་པ་དང་ཡང་ན་ཁྱེད་རང་གི་མིང་ཐོག་ནས་དངུལ་བུན་འཁྱེར་ཡོད་སྲིད་པ་རེད། མ་ཚད་ཁོང་ཚོས་ཁྱེད་རང་གི་མིང་ཐོག་ནས་ཁ་པར་དང་གཞན་པ་ཅ་དངོས་བུན་ལོན་ཐོག་ནས་འཁྱེར་ཡོད་སྲིད་པ་རེད། ད་དུང་ཁྱེད་རང་གི་མིང་ཐོག་ནས་ཅ་ལག་གོང་ཆེན་མངག་ཉོ་བྱས་པ་དང་། ཁྱེད་རང་གི་མིང་ཐོག་ནས་དྲ་ཐོག་ནས་གཞུང་གི་རོགས་དངུལ་གཡོ་ལེན་བྱས་ཡོད་སྲིད་པ་རེད། ད་དུང་ཁོང་ཚོས་ཁྱེད་རང་གི་གློག་འཕྲིན་ནང་འཛུལ་ནས་གནས་ཚུལ་གལ་ཆེན་ཁག་རག་ཐབས་དང་། དེ་བཞིན་ཁོང་ཚོ་ཁྱེད་རང་གི་སྤྱི་དྲ་རྒྱའི་ཁ་བྱང་དེ་ཚོའི་ནང་འཛུལ་ནས་ཁྱེད་རང་ཡིན་ཁུལ་དང་དངུལ་ཞལ་འདེབས་སློང་བ་སོགས་བྱེད་སྲིད་པ་རེད་ཅེས་གསུངས་འདུག

ཌོ་ཊར་ལོ་ཝེ་ Dr Lowe ལགས་ཀྱིས་རྒྱུན་དུ་ཁྱེད་རང་ཆ་རྒྱུས་མེད་པའི་དྲ་རྒྱ་དང་དྲ་ཐོག་ཉོ་ཚོང་བྱེད་ས་དེ་ཚོའི་ནང་འཛུལ་ནས་ཁྱེད་རང་གི་ཞིབ་ཕྲ་གནས་ཚུལ་མ་བཀོད་གོང་ལ་བསམ་བློ་ཡང་བསྐྱར་གཏོང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཡང་ཁོ་མོས་ཁྱེད་རང་གི་གློག་འཕྲིན་ཁ་བྱང་ནང་དོག་གཞི་ཅན་གྱི་གློག་འཕྲིན་དང་འཕྲིན་ཐུང་དེ་འདྲ་འབྱོར་སྐབས་དེ་ཚོ་ཁ་མི་ཕྱེ་བར་ལམ་སང་གཙང་གསུབ་གཏོང་དགོས་པ་རེད། གལ་སྲིད་ཁྱེད་རང་ལ་གློག་འཕྲིན་དོག་གཞི་ཅན་ཞིག་ཚོགས་པ་ག་གེ་མོས་ནས་བཏང་བ་ལྟར་བུ་ཞིག་མཐོང་ཚེ། བརྒྱུད་ལམ་གཞན་ཞིག་ནས་ཚོགས་པ་དེ་ལ་གློག་འཕྲིན་དེ་འདྲ་ཞིག་བཏང་ཡོད་མེད་བརྩད་ཞིབ་བྱེད་དགོས་པ་རེད་ཅེས་གསུངས་འདུག

སཱ་རཱ་ཀོ་ཝན་ནཱ་ Sarah Cavanagh ལགས་ནི་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལན་ཌིའི་ཐོབ་ཐང་ལག་འཁྱེར་དང་དྲ་རྒྱ་རོགས་རམ་ཞབས་ཞུ་ཁང་གི་འགན་འཁུར་བ་ཞིག་རེད། ཁོ་མོས་མཚམས་རེར་ཁ་པར་དེ་འདྲ་སླེབས་ནས་ཁྱེད་རང་གི་མིང་དང་ཁ་བྱང་སོགས་གནས་ཚུལ་ཞིབ་ཕྲ་དྲིས་ཚེ་གཟབ་གཟབ་བྱེད་དགོས་ཀྱི་ཡོད་སྐོར་གསུངས་འདུག

ཁོ་མོས་རྒྱུན་དུ་ནས་ཁྱེད་རང་གི་ཁ་བྱང་སོགས་ཞིབ་ཕྲ་གནས་ཚུལ་སྤྲད་དུས་གཟབ་གཟབ་བྱས་ནས་བརྟག་དཔྱད་བྱེད་དགོས་པ་རེད། དཔེར་ན་ཁྱེད་རང་གི་མོ་ཊ་གཏོང་ཆོག་པའི་ལག་འཁྱེར་དང་།  ཐོངས་ཆེན་ལག་འཁྱེར། སྨན་བཅོས་འགན་ལེན་ལག་འཁྱེར། དེ་བཞིན་དངུལ་ཁང་གི་ཁ་བྱང་ཞིབ་ཕྲ་སོགས་ལྷག་པར་དུ་གཟབ་གཟབ་བྱེད་དགོས་པ་རེད་ཅེས་གསུངས་འདུག

Share