ལས་ཀ་བྱེད་སར་གླ་ཆ་སྤར་ཐབས་སྐོར་ལོ་མཇུག་དངུལ་རྩིས་ཀྱི་དུས་ཚོད་མ་ཟིན་སྔོན་ནས་སྐད་ཆ་བྱེད་དགོས་ཀྱི་ཡོད་པ་རེད། ལོ་མཇུག་དངུལ་རྩིས་ཀྱི་དུས་ཚོད་ནི་ཕྱི་ཟླ་ ༦ ཚེས་ ༣༠ བར་ཡིན་པས་དངུལ་རྩིས་དུས་ཚོད་དེ་ནས་ལོ་རྗེས་མའི་སྔོན་རྩིས་སོགས་གཏན་འབེབས་གནང་གི་ཡོད་པ་རེད། དེར་བརྟེན་ཁྱེད་རང་གིས་ཕྱི་ཟླ་ ༤ པ་དང་ ༥ པ་དེ་བར་ནས་གླ་ཆ་སྤར་ཐབས་སྐོར་སྐད་ཆ་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ལོ་མཇུག་ཏུ་ལས་མིའི་གླ་ཕོགས་སྤར་རྒྱུ་ནི་ལས་ཁོང་ཚོའི་ཁྲིམས་མཐུན་ཐོབ་ཐང་ཞིག་ཡིན།
ཨོ་སི་ཊོ་ལི་ཡའི་ལས་ཀ་བྱེད་ས་མང་པོ་ཞིག་ནི་ལས་ཀ་དྲང་བདེན་ལམ་ལུགས་ དང་ལས་ཀ་བྱེད་སའི་ཁྲིམས་མཐུན་སྲུང་སྐྱོབ་འོག་ཏུ་གནས་ཡོད། དེའི་ནང་དམིགས་བསལ་ལས་རིགས་དང་ལས་རིགས་ཀྱི་ལས་བཟོ་བར་ཁྲིམས་མཐུན་གྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་གཏན་འབེབས་བྱས་པའི་བྱ་དགའ་སྤྲོད་ཚད་ཚུད་ཡོད།
ལས་མི་རྣམས་ལ་ལས་དོན་དྲང་བདེན་ལྷན་ཁང་གིས་ ཐག་གཅོད་ལྟར་ལས་མི་རྣམས་ལ་ལོ་མཇུག་ཏུ་ཉུང་མཐར་ཡང་གླ་ཆ་ཏོག་ཙམ་སྤར་དགོས་ཀྱི་ཡོད་པ་རེད།
ལས་ཀ་བྱེད་སར་གྲོས་མཐུན་བཞག་ནས་ལོ་མཇུག་ཏུ་གླ་ཆ་ཏོག་ཙམ་སྤར་དགོས་ཀྱི་ཡོད་པ་དང་། གྲོས་མཐུན་དེ་ལས་མི་དང་། ལས་མིའི་འཐུས་ཚབ། སྦྱིན་བདག་བཅས་ཀྱི་བར་གྲོས་མོལ་བྱེད་དགོས་ཀྱི་ཡོད་པ་རེད།
སློབ་དཔོན་ཡོང་ Prof Young ལགས་ཀྱིས་གླ་ཕོགས་སྤར་རྒྱུའི་སྐད་ཆ་མ་བྱས་གོང་ལ་གོམ་སྟབས་དང་པོ་དེ་ཁྱེད་རང་གྲོས་མཐུན་དེ་འདྲའི་འོག་ཏུ་གནས་ཡོད་མེད་ལ་བལྟ་དགོས་པ་རེད་ཅེས་གསུངས་འདུག
ཁོང་ཚོས་གླ་ཕོགས་སྤར་ཕྱོགས་ཐད་གོང་གི་གནད་དོན་གང་གི་ཐད་ནས་ཀྱང་གྲོས་མོལ་བྱེད་ཆོག དེ་ཡང་བྱ་དགའ་དངུལ་དང་། ཡང་ན་གན་རྒྱ། ཡ་ངན་གྲོས་མཐུན་སོགས་གང་གི་ཐད་ནས་ཀྱང་གྲོས་ལོལ་བྱེད་ཆོག མ་ཚད་ལས་དོན་གྱི་ལས་འགན་ཡང་འགྱུར་བ་གཏོང་ནས་གླ་ཆ་སྤར་ཆོག་གི་ཡོད་པ་རེད་ཅེས་གསུངས་འདུག
མི་ཤུགས་ཐོན་ཁུངས་སྐོར་གྱི་ཆེད་ལས་པ་ཀཱ་རན་གྷ་ཏེ་ལེ་ Karen Gately ལགས་ཀྱིས་མིི་མང་པོ་ཞིག་གླ་ཕོགས་སྤར་རོགས་ལབ་རྒྱུར་འཚེར་སྣང་དང་མ་བདེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ལས་ཀ་བྱེད་སར་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་ནས་ཡོང་བའི་ལས་མི་རྣམས་ཀྱིས་གླ་ཆ་སྤར་ཐབས་རྩོད་པ་ནི་གུས་བརྩི་མེད་པ་དང་། ལས་མི་རྒན་པ་ཞིག་གི་ཐོབ་ཐང་རྩེད་ལེན་བྱེད་ཀྱི་ཡོད་པ་ཚོར་སྲིད།
ཡིན་ན་ཡང་གལ་སྲིད་ཁྱེད་རང་གི་སེམས་ནང་ལ་གླ་ཆ་ཏོག་ཙམ་ཡར་སྤར་དགོས་ཀྱི་འདུག་བསམས་ཚེ་ངེས་པར་དུ་ཁ་གསང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག
སྦྱིན་བདག་ཁག་ཅིག་གིས་ལས་མིར་གླ་ཆ་མང་པོ་སྤྲོད་འདོད་མེད། ཁོང་ཚོས་མིན་ལབ་ཀྱི་རེད། ཡིན་ནང་ཁྱེད་རང་གི་རེ་བ་དེ་ནི་རྒྱུ་མཚན་མེད་པ་ཞིག་མ་ཡིན། གལ་སྲིད་ཁྱེད་རང་ལ་ལས་དོན་ལ་ཞབས་འདེབས་ཧུར་ཐག་ཞུས་ཡོད་ན། ཁྱེད་རང་གི་རེ་བ་དེ་ཁས་ལེན་བྱེད་དགོས་ངེས་ཤིག་རེད། ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་བྱེད་ས་མང་ཆེ་བ་ཞིག་ནས་ཡིན་དང་ཡིན་ལབ་ཀྱི་རེད། དོན་དངོས་སུ་ཨོ་སི་ཊོ་ལི་ཡའི་རིག་གཞུང་ནང་ལས་ཀ་བྱེད་ས་གང་ཞིག་ཡིན་རུང་ལས་མི་ཚང་མར་གདེང་ཚོད་སླེབས་པར་རོགས་རམ་བྱེད་ཀྱི་ཡོད་པས། ཁྱེད་རང་གི་སྐད་ཆ་དྲིས་པ་དེ་ཡང་རྒྱུ་མཚན་ལྡན་པ་ཞིག་རེད་ཅེས་གསུངས་འདུག
སློབ་དཔོན་ཡུང་ Young ལགས་ཀྱིས་ཁྱེད་རང་གི་གླ་ཆ་དེ་ལས་ཀ་བྱེད་ས་ཁོར་ཡུག་དང་། ལས་ཀ་བྱེད་སའི་འབྲེལ་ཡོད་ཚོང་ལས་ཁང་དབར་ལ་གླ་ཆ་གཅིག་པ་ཡིན་མིན་བལྟ་བ་ནི་གནས་ཚུལ་འགྲིག་པ་མང་པོ་ཞིག་ཧ་གོ་བའི་གནད་འགག་གལ་ཆེན་ཞིག་དང་། ཁྱེད་རང་གི་སྦྱིན་བདག་དང་གླ་ཆ་སྐོར་གྲོས་མོལ་བྱེད་པའི་གཞི་རྩ་གལ་ཆེན་ཞིག་ཆགས་ཀྱི་ཡོད་རེད་ཅེས་གསུངས་འདུག
འོན་ཀྱང་ཁོ་མོས་ལས་ཀ་བྱེད་སའི་ནང་ཁུལ་དུ་གླ་ཕོགས་ལ་དམིགས་ནས་གསང་བའི་རིག་གཞུང་ཡོད་པས་དེས་ན་གཞོན་ལས་བཟོ་པ་དང་། བུད་མེད། གྲངས་ཉུང་མི་རིགས་ཀྱི་ཚོགས་པ་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་སྐོར་བརྗོད་འདུག
ཁྱེད་རང་གི་རྒྱུན་དུ་ཧ་གོ་བ་ཞིག་ལ་ལས་ཀ་བྱེད་སའི་ཚོགས་པ་མ་འདྲ་བ་ནས་གླ་ཆ་སྤྲོད་སྐབས་ཕྱི་གསལ་ནང་གསལ་མིན་པ་དེ་འདྲ་ཡོད་པ་རེད། ངའི་བསམས་པར་གལ་ཆེ་ཤོས་ཤིག་ནི་ལས་ཀ་བྱེད་སར་ཚོར་བ་བདེ་པོ་ཞིག་དགོས་ཀྱི་ཡོད་པ་རེད་བསམས་ཀྱི་ཡོད།
དེ་ནས་དུས་སྐབས་ཤིག་སླེབས་དུས་ཁྱེད་རང་གི་ཤེས་གསལ་ལྟར། དེའི་ནང་གིི་དོན་དག་ཁ་ཤས་གླེང་མོལ་བྱེད་འགོ་བཙུགས་ཏེ་གླ་ཕོགས་སྐོར་གླེང་སློང་ཡོང་ཐབས་བྱེད་དགོས། གལ་སྲིད་ལས་ཀ་བྱེད་སར་ལས་མིའི་སྒྲིག་འཛུགས་ཀྱི་འཐུས་མི་ཡོད་ན་ཁྱེད་རང་གི་ཁོང་ཚོར་སྐད་ཆ་བྱེད་ན་ཁོང་ཚོར་ལས་ཀ་བྱེད་སའི་གླ་ཕོགས་ཀྱི་ཐོབ་ཐང་སྐོར་མང་པོ་ཤེས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
མེ་ཤལ་ཨོ་ནལ་ Michele O’Neil ལགས་ནི་ཨོ་སི་ཊོ་ལི་ཡའི་ཚོང་ལས་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་རེད།
ཁོ་མོས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་ཚབ་མི་སྣས་བཟོ་ཚོང་ལས་གནས་ཁག་ཏི་གླ་འབབ་སྐོར་གནས་ཚུལ་བསྡུ་རུབ་ཐད་རོགས་རམ་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་དེས་ཁྱེད་རང་ལ་གླ་ཆ་སྤར་ཐབས་སྐོར་སྦྱིན་བདག་དང་གྲོས་བསྡུར་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་གསུངས་འདུག
ཁྱེད་རང་གིས་ལས་ཀ་དང་ལས་ཀ་བྱེད་ས་དང་ཆ་འདྲ་བའི་ཚོགས་སྡེ་དང་བཟོ་ཚོང་ཁང་དེ་དག་ཏུ་ལས་ཀ་བྱེད་མཁན་རྣམས་ལ་གླ་ཆ་ག་ཚོད་རག་གི་ཡོད་མེད་ལ་བལྟ་དགོས་པ་དང་། ཁོང་ཚོར་གླ་ཆ་ག་ཚོད་རག་གི་ཡོད་མེད་ཤེས་རྟོགས་བྱུང་ཚེ་ཁྱེད་རང་ལའང་གླ་ཆ་དེ་འདྲ་རག་ཐབས་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག
ལྕམ་ཨོ་ནལ་ལགས་ཀྱིས་ལས་སླ་ཤོས་ཤིག་ནི་གླ་ཆ་ཆ་རྐྱེན་དེ་བཞིན་ལས་མི་མཉམ་འབྲེལ་གྱི་ཚོགས་མི་དང་། ཡང་ན་ལས་མི་གཞན་དང་མཉམ་དུ་ལས་ཀ་བྱེད་ན་སྟབས་བདེ་བ་ཡོད་སྐོར་བརྗོད་འདུག
གལ་སྲིད་ཁྱེད་རང་གི་ལས་ཀ་བྱེད་སར་དེ་སྔོན་གན་རྒྱ་དེ་འདྲ་མེད་ཀྱང་ཁྱེད་རང་ལས་མི་གཞན་པ་དང་ལྷན་དུ་མཉམ་འབྲེལ་གྱིས་ང་ཚོ་འདིར་ལས་ཀ་བྱེད་མཁན་ཡོད་ཚད་ཀྱིས་མཉམ་དུ་གྲོས་མཐུན་ནང་ཞུགས་རྒྱུ་ཡིན་ལབ་དགོས་པ་རེད། དེ་ནི་གླ་ཆ་འཕར་བའི་ཐབས་ལམ་ཡག་ཤོས་དེ་རེད། མི་སྒེར་པ་གཅིག་ཡིན་ན་དཀའ་ལས་ཁག་བ་ཡོད་པ་རེད། ཞིབ་འཇུག་དཔངས་རྟགས་ལྟར་ན་ཨོ་སི་ཊོ་ལི་ཡའི་ལས་བཟོའི་མཉམ་འབྲེལ་ཁུངས་སུ་འཛུལ་ཞུགས་བྱས་ཡོད་པའི་མི་རྣམས་མཉམ་འབྲེལ་ཁུངས་སུ་མེད་པའི་མི་ལས་བདུན་ཕྲག་རེར་གླ་ཆ་ཨོ་སྒོར་ ༣༡༢ ཙམ་མཐོ་བ་རག་གི་ཡོད་སྐོར་གསལ་འདུག