Key Points
- Australia has two publicly funded broadcasters: the Australian Broadcasting Corporation (ABC) and the Special Broadcasting Service (SBS).
- Taxpayers fund the ABC and the SBS as a public service.
- Public broadcasters are different to state-controlled media.
- Australia also has commercial and community media outlets that raise revenue through advertising or sponsorship.
མང་གཙོ་རྒྱལ་ཁབ་ནང་གསར་འགྱུར་བརྒྱུད་ལམ་གྱི་ལས་འགན་ག་རེ་ཡིན་མིན་དང་། ཨོ་སི་ཊོ་ལི་ཡའི་ནང་ཚོས་ལས་ཀྱི་གསར་འགྱུར་བརྒྱུད་ལམ་དང་མི་མང་གིས་བཙུགས་པའི་གསར་འགྱུར་བརྒྱུད་ལམ་ཁག་དབར་མི་འདྲ་བ་ག་རེ་ཡོད་མེད། དེ་བཞིན་རྒྱལ་ཁབ་གཞན་ནས་མ་དངུལ་བཏང་བའི་གསར་འགྱུར་བརྒྱུད་ལམ་དེ་ཚོ་ག་རེ་ཡིན་མིན་བཅས་ངོ་སྤྲོད་ཞུ་རྒྱུ་ཡིན།
ཨོ་སི་ཊོ་ལི་ཡའི་ནང་སྒེར་གྱི་ཚོང་ལས་དང་འབྲེལ་བའི་གསར་འགྱུར་བརྒྱུད་ལམ་དང་ཚོགས་སྡེ་ནས་མ་དངུལ་བཏང་བའི་གསར་འགྱུར་བརྒྱུད་ལམ་བཅས་གསར་འགྱུར་བརྒྱུད་ལམ་ཁག་མ་འདྲ་བ་ཁ་ཤས་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་མི་མང་གི་དཔྱ་ཁྲལ་དངུལ་ལས་བཙུགས་པའི་གསར་འགྱུར་བརྒྱུད་ལམ་ཁག་གཉིས་ཡོད། དེ་ནི་ཨོ་སི་ཊོ་ལི་ཡའི་རྒྱང་སྒྲོག་མཉམ་འབྲེལ་ ABC དང་། དམིགས་བསལ་རྒྱང་སྒྲོག་ཞབས་ཞུ་ SBS གཉིས་རེད།
སྒེར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གཙོ་བོར་ཁེ་འབབ་དང་ལྟ་ཀློག་བྱེད་མཁན་གྱི་གྲངས་འབོར་ཆེད་གནས་ཚུལ་སྤེལ་བཞིན་ཡོད་པས་མ་ཚད། གཙོ་བོར་ཁོང་ཚོའི་དཔལ་འབྱོར་སྦྱིན་བདག་རྣམས་ཀྱི་ཁེ་ཕན་དང་འདོད་མོས་ལྟར་ལས་དོན་སྒྲུབ་བཞིན་ཡོད།
ཀེ་རེ་སི་ཐན་ཕོ་ཊར་ལགས་ནི་སྤྱི་དམངས་གསར་འགོད་མནའ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ཞིག་ཡིན་པ་དང་། མཐུན་ཚོགས་དེ་ནི་འཛམ་གླིང་ནང་སྤྱི་དམངས་གསར་འགོད་ཀྱི་མཐུན་ཚོགས་ཆེ་ཤོས་ཤིག་ཡིན། དེས་སྤྱི་དམངས་ཀྱི་གསར་འགོད་རང་དབང་དང་གསར་འགོད་རིག་པའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བཞིན་ཡོད།
ཁོང་གིས་སྤྱི་དམངས་རྒྱང་སྒྲོག་ཁག་གི་འགན་འཁུར་ནི་གཞི་རིམ་མི་མང་ལ་གནས་ཚུལ་མཁོ་སྤྲོད་ཡང་དག་པ་བྱ་རྒྱུ་དེ་རེད་ཅེས་གསུངས་འདུག
ཁོང་གིས་སྤྱི་དམངས་ཀྱི་གསར་འགྱུར་བརྒྱུད་ལམ་ནི་སྲིད་གཞུང་དང་དཔལ་འབྱོར་གྱི་དབང་དུ་མ་སོང་བར་རང་དབང་ལྡན་པ་ཞིག་དགོས་ཀྱི་ཡོད་པ་དང་། ཁོང་ཚོས་རང་དབང་ལྡན་པའི་ཐོག་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གསར་འགྱུར་གནས་ཚུལ་དང་། ཤེས་ཡོན་སློབ་གསོ་སོགས་འགོད་སྤེལ་བྱེད་དགོས་ཀྱི་ཡོད་པ་རེད། དེ་བཞིན་སྤྱི་དམངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནི་རྐྱེན་ཆགས་དང་ཛ་དྲག་གི་གནས་སྐབས་སུ་གནས་ཚུལ་ཁུངས་ལྡན་གྱི་འབྱུང་ཁུངས་ཤིག་ཡིན་དགོས་པ་དང་། གནས་ཚུལ་རྫུན་མ་དང་དཀྲོག་གཏམ་གྱི་གནས་ཚུལ་ལས་ཁ་གཏད་ཅིག་ཡིན་དགོས་པ་རེད། ཁོང་ཚོས་འཇིག་རྟེན་ཡོངས་ཁྱབ་རང་བཞིན་གྱིས་གནས་ཚུལ་གསན་མཁན་འདྲ་མིན་སྣ་ཚོགས་ལ་གནས་ཚུལ་མཁོ་སྤྲོད་ཐུབ་པ། གཞན་ཡང་མང་གཙོ་དང་འོས་འདེམས་སྐབས་སུ་དུས་ཐོག་གནས་ཚུལ་མཁོ་སྤྲོད་ཐུབ་པ་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
སྤྱི་དམངས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁོང་ཚོས་ལས་དོན་བྱེད་ཕྱོགས་དང་། དཔལ་འབྱོར་གྱི་ཡོངས་ཁུངས། གཞན་ཡང་འགྲོ་སོང་ཇི་ལྟར་གཏོང་གི་ཡོད་མེད་ཕྱི་གསལ་ནང་གསལ་བྱེད་དགོས་ཀྱི་ཡོད་པ་རེད།
ཝན་ཌི་བྷ་ཀོན་ Wendy Bacon ལགས་ནི་གསར་འགོད་པ་དང་། ཆབ་སྲིད་ལས་འགུལ་བ། རྟོག་ཞིབ་ཆེད་སྦྱོང་བ་བཅས་ཡིན། ཁོ་མོས་སིཌ་ནིང་ཚན་རྩལ་གཙུག་ལག་སློབ་གྲྭ་ UTS ཡི་ནང་ལོ་ངོ་ ༢༠ ཙམ་གྱི་རིང་གསར་འགོད་རིག་པའི་སློབ་དཔོན་དང་སློབ་ཁྲིད་གནང་ཡོད།
ཁོ་མོས་སྤྱི་དམངས་ཀྱི་གསར་འགྱུར་བརྒྱུད་ལམ་གྱིས་གཞི་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་དགོས་མཁོ་འདྲ་མིན་དང་། ལྟ་ཚུལ་སྣ་མང་མཚོན་པའི་མི་མང་གི་འབོད་སྒྲ། ལེ་ཚན་སྣ་ཚོགས་སྤེལ་སའི་གདེང་ཆ་བསྐྲུན་གྱི་ཡོད། འདི་ནི་གཞུང་གི་གཉེར་བའི་གསར་འགྱུར་བརྒྱུད་ལམ་དང་རྦད་དེ་ཐ་དད་ཆགས་ཀྱི་ཡོད་ཅེས་གསུངས་འདུག
སྤྱི་དམངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་དམིགས་ཡུལ་ནི་གཞུང་ཞིག་གི་ཁོང་ཚོའི་སྤྱི་དམངས་ལ་གནས་ཚུལ་གང་ཞིག་སྟངས་འཛིན་བྱེད་བཞིན་ཡོད་ཚེ་སྤྱི་དམངས་དེའི་མགྲིན་ཚབ་པ་ཞིག་ཆགས་དགོས་ཀྱི་ཡོད་པ་རེད། ཡིན་ནའང་ད་ལྟའི་ཆར་མི་མང་གི་མ་དངུལ་བཏང་བའི་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་ཁག་རྦད་དེ་ལོག་ག་རེད། ཕྱོགས་གཞན་ཞིག་ནས་དེ་ནི་གསར་འགྱུར་བརྒྱུད་ལམ་ཁག་ལ་མ་དངུལ་བཏང་བ་ཞིག་ཡིན་པས་དེས་གསར་འགོད་ཀྱི་རིན་ཐང་དང་སྤྱི་ཚོགས་ལ་གསར་འགྱུར་ཞབས་ཞུ་ཐད་བརྡ་ཤ་གཅོད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
སློབ་དཔོན་བྷ་ཀོན་ལགས་ཀྱིས། སྤྱི་དམངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་རྩོམ་སྒྲིག་གི་རང་དབང་དང་། གཞུང་དང་ཆབ་སྲིད་ཚོགས་པ་ཚང་མ་ལ་སྐྱོན་བརྗོད་བྱེད་ཆོག་པའི་རང་དབང་དགོས་ཀྱི་ཡོད་པ་རེད། དེ་ག་རེ་ཟེར་གྱི་ཡོད་པ་རེད་ཟེར་ན། གསར་འགྱུར་གང་ཞིག་རྒྱང་སྒྲོག་བྱེད་དགོས་མིན་དང་གང་འདྲ་བྱེད་ནས་བྱེད་དགོས་མིན་སོགས་ཀྱི་རང་དབང་ཆ་ཚང་གསར་ཁང་ལ་ཡོད་དགོས་ཅེས་གསུངས་འདུག
ཁོང་གིས་གལ་སྲིད་གནས་ཚུལ་དེ་རིགས་ལྷག་སྐབས་གསར་ཁང་གི་རང་དབང་སྲུང་སྐྱོབ་བྱེད་པར་བཀོད་སྒྲིག་ཡོད་དགོས་པ་རེད། དཔེར་ན། བརྡ་འཕྲིན་བློན་ཆེན་ལྷན་ཁང་ནས་སྤྱི་དམངས་ཀྱི་གསར་འགྱུར་བརྒྱུད་ལམ་ལ་ཁ་ཐུག་བཏང་འཛིན་མེད་པ་བཟོ་དགོས་ཀྱི་ཡོད་པ་རེད། གསར་འགྱུར་བརྒྱུད་ལམ་གང་ཞིག་གཞུང་གིས་བཏང་འཛིན་འོག་ཡོད་ཚེ་དེ་ནས་བློན་ཆེན་ལྷན་ཁང་ནས་ཁ་ཐུག་བཀོད་བྱུས་གཏོང་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག
སྤྱི་ཡོངས་གཞུང་གིས་བཏང་འཛིན་བྱེད་བཞིན་པའི་གསར་འགྱུར་བརྒྱུད་ལམ་ཁག་ནི་སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ཏུ་ཡོད་ཅིང་། གསར་ཁང་དེ་རིགས་ཀྱིས་རྒྱུན་དུ་སྲིད་གཞུང་དང་མཐུན་པའི་གནས་ཚུལ་ཁོ་ན་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཁྱབ་བསྒྲགས་བྱེད་བཞིན་ཡོད།
སྤྱི་དམངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནི་མང་གཙོའི་ཀ་བ་ཞིག་ཆགས་ཀྱི་ཡོད་ཅིང་། དེས་མི་མང་ལ་རྩོད་གླེང་དང་བགྲོ་གླེང་གི་གོ་སྐབས་བསྐྲུན་གྱི་ཡོད།
ནཱ་ཇཱ་ཐི་བྷ་སར་ Nejat Basar ལགས་ནི་ SBS ཡི་ཊོ་ཁེ་སྐད་ཡིག་སྡེ་ཚན་གྱི་གསར་འགོད་པ་ཞིག་རེད། ཁོང་ཉིད་ཨོ་སི་ཊོ་ལི་ཡའི་ནང་ SBS རླུང་འཕྲིན་ནང་ལས་ཀ་མ་བྱས་སྔོན་ཊོ་ཁི་རྒྱལ་ཁབ་ནང་གསར་འགོད་པ་ཞིག་རེད་འདུག
ཁོང་གིས་ཊོ་ཁེ་ནང་དེ་གའི་གཞུང་གིས་མངའ་སྡེ་གཞུང་གི་དངུལ་གཏོང་བཞིན་པའི་གསར་འགྱུར་བརྒྱུད་ལམ་དང་ཡང་ན་གཞུང་ལ་དབང་བའི་གསར་འགྱུར་བརྒྱུད་ལམ་གང་ཞིག་ཡིན་རུང་། གནས་ཚུལ་གང་ཞིག་འགོད་སྤེལ་བྱེད་དགོས་མིན་ཚང་མ་གཞུང་གིས་ཡོངས་སུ་བཏང་འཛིན་བྱེད་བཞིན་ཡོད་སྐོར་བརྗོད་འདུག
ཁོང་གིས་དེ་ནི་བརྒྱ་ཆ་བརྒྱ་ཐམ་པ་གཞུང་གི་དགོས་མཁོ་དྲིལ་བསྒྲགས་ཁོ་ན་ཡིན་པ་དང་། གནས་ཚུལ་ནང་གཞུང་གི་ཆབ་སྲིད་དང་གཞུང་གི་དགོས་མཁོ་དང་མ་འདྲེས་པའི་གནས་ཚུལ་ཞིག་རྩ་བ་ནས་མེད། གཞུང་གི་ཆབ་སྲིད་དང་དགོས་མཁོ་སོགས་དང་མ་འདྲེས་པའི་གནས་ཚུལ་ཞིག་སྤེལ་རྒྱུའི་གོ་སྐབས་རྩ་བ་ནས་མེད་ཅིང་། དེ་འདྲ་ཞིག་ཡོད་ཚེ་གནས་ཚུལ་དེ་སྤེལ་མི་ཐུབ་ལ་བརྙན་འཕྲིན་ཐོག་ཐོན་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག
སྐུ་ཞབས་བྷ་སར་ལགས་ཀྱིས་གལ་སྲིད་ཊོ་ཁི་ནང་གསར་འགོད་པ་ཞིག་གིས་གཞུང་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་ཞིག་སྤེལ་ཐབས་བྱས་ཚེ་འཇིགས་སྐུལ་ཚབ་ཆེན་ཕོགས་སྲིད་སྐོར་བརྗོད་འདུག
ཊོ་ཁེ་གཞུང་གིས་གལ་སྲིད་གསར་འགོད་པ་སུ་ཞིག་གིས་གཞུང་དང་འགལ་བ་ཡོད་པའི་གནས་ཚུལ་སྤེལ་ཚེ་དུས་ཡུན་ལོ་ ༣ མན་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཤིག་བཟོས་ཡོད་པ་རེད། ཁྲིམས་ནང་བཀོད་པའི་ཚད་ཐིག་དེ་ག་རང་མ་གཏོགས་བཀོད་ཆོག་གི་མ་རེད། གལ་སྲིད་ཁྱེད་རང་གི་བློ་སྟོབས་ཆེན་པོ་ཐེངས་གཅིག་དང་གཉིས་ལ་གནས་ཚུལ་སྤེལ་ཐབས་བྱས་ཚེ། ཁྲིམས་རྩོད་པ་དང་ཞིབ་དཔྱོད་པ། ཡང་ན་གཞུང་གི་དྲ་ཐོག་ལས་དོན་པ་སོགས་ཀྱིས་འཇིགས་སྐུལ་ཉེན་བརྡ་གཏོང་ཡོང་གི་རེད། དེའི་རྗེས་ནས་སོ་སོའི་བདེ་འཇགས་ལ་བསམ་བློ་གཏོང་དགོས་འཁེལ་གྱི་ཡོད་ཅེས་གསུངས་འདུག
ཡང་ཁོང་གིས་ཊོ་ཁེས་དང་ཨོ་སི་ཊོ་ལི་ཡ་གཉིས་དབར་གསར་འགོད་རང་དབང་སྐོར་གྱི་ཁྱད་པར་གསུངས་དོན།
འདིར་ང་ཚོས་གཞུང་གི་ལས་དོན་བྱེད་ཕྱོགས་ཐད་གནས་ཚུལ་སྤེལ་ཆོག་མོད། ཊོ་ཁེ་ནང་དེ་འདྲ་ཆོག་གི་མེད། ཨོ་སི་ཊོ་ལི་ཡའི་ནང་གསར་འགྱུར་བརྒྱུད་ལམ་ཐད་ཁྲིམས་ཧ་ཅང་དམ་པོ་ཡོད་ཀྱང་། སྒྲིག་གཞི་ནང་གནས་ཚུལ་གང་ཞིག་བཀོད་ཆོག་པ་དང་གང་འདྲ་བྱེད་ནས་བཀོད་དགོས་པའི་ཚད་བཀག་དེ་འདྲ་མེད་ཅེས་གསུངས་འདུག
འདིས་ཨོ་སི་ཊོ་ལི་ཡའི་སྤྱི་དམངས་ཀྱི་གསར་འགྱུར་རྒྱང་སྒྲོག་ཁག་ཕྱི་ལོགས་ནས་གནོན་ཤུབ་ཐེབས་མི་ཐུབ་པ་མཚོན་གྱི་མེད།
སྔོན་མ་ཨོ་སི་ཊོ་ལི་ཡའི་ ABC གསར་ཁང་གི་གསར་འགྱུར་དང་། དཔྱད་བརྗོད། དཔྱད་ཞིབ་བཅས་ཀྱི་འགན་འཛིན་ཟུར་པ་གྷོ་ཝན་མོ་རེ་སི་ལགས་ཀྱིས་གསུངས་དོན་
ཁོང་གིས་མཚམས་རེ་གཞུང་གི་ནང་ལ་ལས་བྱེད་དེ་འདྲས་གལ་སྲིད་སྤྱི་དམངས་ཀྱི་གསར་འགྱུར་ལས་རིགས་ལ་མ་དངུལ་སྤྲད་པ་ཡིན་ན། ང་ཚོ་ལ་སྐྱོན་བརྗོད་བྱེད་ཀྱི་མ་རེད་བསམས་པ་དང་། ཡང་ན་གཞུང་གི་གནས་བབས་དང་གནས་དོན་ཁ་ཤས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་རེད་བསམས་མཁན་ཡོད་པ་རེད། དེ་འདྲའི་གནོན་ཤུགས་དུས་ནས་དུས་སུ་ཡོང་གི་ཡོད་པ་རེད། ཡིན་ན་ཡང་ང་རང་གིས་རྒྱུན་དུ་ནས་ ABC གསར་ཁང་གི་རང་དབང་ལྡན་པའི་གནས་ཚུལ་འགོད་སྤེལ་རྒྱུན་འཁྱོངས་ལ་འབད་ཀྱི་ཡོད་པ་ལས། གནས་ཚུལ་གང་ཞིག་གཞུང་དང་འགོ་ཁྲིད་ཅིག་གིས་དབང་ཤུགས་ཀྱི་དབང་དུ་མ་སོང་བར་བྱེད་བཞིན་ཡོད་ཅེས་གསུངས་འདུག
མི་མང་གིས་ཨོ་སི་ཊོ་ལི་ཡའི་གསར་ཁང་ ABC དང་ SBS གཉིས་ལ་རེ་བ་གང་ཞིག་ཡོད་རྒྱག་གི་ཡོད་རེད་ཟེར་ན།
སྤྱི་དམངས་ཀྱི་གསར་ཁང་དེ་གཉིས་ཀས་སོ་སོའི་སྒྲིག་གཞི་དང་། རྩོམ་སྒྲིག་གི་སྒྲིག་གཞི། ལག་ལེན་གྱི་ཚད་གཞི་བཅས་ལག་བསྟར་གྱིས་གནས་ཚུལ་ཁག་དྲང་གཞག་དང་དོ་མཉམ་ཡོང་ཐབས་བྱེད་བཞིན་ཡོད།
ABC གསར་ཁང་ནི་གཞི་རྒྱ་ཆེན་པོ་ཡིན་ཞིང་། ས་གནས་དང་རྒྱལ་སྤྱིའི་ནང་ངོ་ཚབ་ལས་ཁུངས་བཅུ་ཕྲག་ཁ་ཤས་ཡོད་པ་དང་། དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་རྒྱལ་སའི་གྲོང་ཁྱེར་ཚང་མའི་ནང་ལས་ཁུངས་དང་ལས་དོན་ཁང་ཡོད་པ་རེད། ABC གསར་ཁང་ལ་ལྟ་ཉན་བྱེད་མཁན་དང་དགའ་མོས་བྱེད་མཁན་མ་འདྲ་བའི་ཆེད་དུ་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ལམ་མ་འདྲ་བ་ཡོད་པ་དང་། དེའི་ནང་གསར་འགྱུར་བརྙན་འཕྲིན་དང་བྱིས་པའི་ལེ་ཚན་སོགས་ཚུད་ཡོད།
རྒྱུན་དུ་ ABC གསར་ཁང་གིས་ཛ་དྲག་གི་གནས་སྟངས་སྐབས་མི་མང་ལ་འབྲེལ་གཏུགས་གནས་ཚུལ་མཁོ་སྤྲོད་དང་། གྲ་སྒྲིག་བྱེད་སྟངས། ཉེན་བརྡ། གནས་ཚུལ་གསར་པ་མཁོ་སྤྲོད་བཅས་བྱེད་ཀྱི་ཡོད།
ཡང་གྷོ་ཝན་མོ་རེ་སིས་ཉེ་བའི་ལོ་འགའ་ཤས་ནང་ ABC གསར་ཁང་གཞི་རྒྱ་ཇེ་ཆེར་སོང་ཡོད་པ་རེད། དེའི་རྒྱུ་མཚན་ནི་གནམ་གཤིས་འགྱུར་ལྡོག་དང་བྱེད་སྒོ་ཡང་ཇེ་མང་དུ་སོང་ཡོད་པས་རེད།
ད་དུང་ ABC གསར་ཁང་གིས་ས་གནས་དང་ས་ཆ་ཁུག་དཀྱོག་དེ་འདྲར་བསྐྱོད་ནས་ཛ་དྲག་གི་གནས་ཚུལ་འགོད་སྤེལ་དང་། ཛ་དྲག་གི་གནས་ཚུལ་སྔོན་འགོག་ཐད་གནས་ཚུལ་སྤེལ་རྒྱུ་ལས་དོན་གཙོ་འདོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག
SBS གསར་ཁང་ནི་ཨོ་སི་ཊོ་ལི་ཡའི་རིག་གཞུང་སྣ་ཚོགས་དང་སྐད་ཡིག་སྣ་ཚོགས་ཀྱི་རྒྱང་སྒྲོག་གསར་ཁང་ཞིག་ཆགས་ཡོད། གསར་ཁང་འདིར་རྒྱལ་སྤྱིའི་གསར་འགྱུར་བརྙན་འཕྲིན་དང་། དེ་ག་ནང་བཞིན་དབྱིན་ཡིག་དང་གཞན་སྐད་ཡིག་སྣ་ཚོགས་ནང་གསར་འགྱུར་ཞབས་ཞུ་ཡོད་པ་རེད།
གསར་ཁང་འདིས་དབྱིན་ཡིག་མི་ཤེས་པའི་རྒྱབ་ལྗོངས་ཅན་གྱི་མི་རྣམས་ལ་སོ་སོ་ལུང་པའི་སྐད་ཡིག་ནང་གནས་ཚུལ་ཁག་མཁོ་སྤྲོད་བྱེད་བཞིན་ཡོད།
SBS གསར་ཁང་ལ་ད་དུང་ NITV ཞེས་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཚོའི་ཆེད་དུ་བརྙན་འཕྲིན་བརྒྱུད་ལམ་ཞིག་ཡོད་པ་དང་བརྙན་འཕྲིན་བརྒྱུད་ལམ་དེའི་ཐོག་ནས་ཨོ་སི་ཊོ་ལི་ཡའི་མི་རིགས་དང་པོའི་སྣང་བརྙན་མཚོན་པའི་བརྗོད་གཞི་ཁག་རྒྱང་སྲིང་བྱེད་བཞིན་ཡོད།
ཌེ་ཊི་ཌི་ཧཱ་ David Hua ལགས་ནི་ SBS ཡི་སྐད་ཡིག་མ་འདྲ་བའི་སྒྲ་ལྡན་གསར་འགྱུར་སྡེ་ཚན་གྱི་འགན་འཛིན་ཞིག་རེད། ཁོང་གིས་ SBS ཡི་རླུང་འཕྲིན་གྱི་སྐད་ཡིག་གྲངས་ ༦༠ ཙམ་གྱི་གསར་འགྱུར་རྒྱང་བསྲིང་ལེ་ཚན་ཁག་ལ་ལྟ་སྐུལ་དོ་དམ་བྱེད་བཞིན་ཡོད།
SBS གསར་ཁང་ནི་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ལ་ཞབས་ཞུ་ཆེད་དུ་ཁྱད་ཆོས་མངོན་གསལ་ཡོད་པའི་ཐོག་ནས་བཙུགས་པ་ཞིག་ཡིན། དེས་ ABC གསར་ཁང་ལ་རིག་ གཞུང་སྣ་ཚོགས་དང་སྐད་ཡིག་སྣ་ཚོགས་ཡོད་པ་མ་རེད་ཅེས་པའི་དོན་མ་ཡིན་པར། SBS གསར་ཁང་ནི་དམིགས་བསལ་གྱི་དགོས་པ་རྒྱུ་མཚན་ཞིག་གི་ཐོག་ནས་བཙུགས་པ་ཞིག་རེད་ཅེས་གསུངས་འདུག
SBS གསར་ཁང་དེ་ཐོག་མར་གཞུང་གཉིས་ཀྱིས་མ་དངུལ་བཏང་ནས་ཕྱི་ལོ་ ༡༩༧༠ ནང་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། སྐབས་དེར་དང་བླངས་ཐོག་ནས་སྐད་ཡིག་ཁག་བརྒྱད་ཀྱི་ནང་རླུང་འཕྲིན་ཞབས་ཞུ་རྒྱང་བསྲིང་བྱེད་བཞིན་ཡོད། དེས་སྐྱབས་བཅོལ་བ་རྣམས་ལ་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་སྐྱེལ་སྟངས་སྨན་བཅོས་ཞབས་ཞུའི་མཐུན་རྐྱེན་གང་འདྲ་བྱེད་ནས་རག་གི་ཡོད་མེད་སོགས་ལམ་སྟོན་གནང་གི་ཡོད།
SBS རླུང་འཕྲིན་རྒྱ་སྐྱེད་བྱས་པ་ནས་བཟུང་། ད་ལྟའི་ཆར་གཞིས་སྤོ་ལམ་སྟོན་གྱི་ལེ་ཚན་ཐེ་བའི་སྐད་ཡིག་དྲུག་ཆུ་ཙམ་གྱི་ནང་དྲ་ཐོག་དང་པོ་ཊི་ཀ་སི་ podcasts སོགས་བརྒྱུད་ནས་གསར་འགྱུར་འགོད་སྤེལ་དང་རླུང་འཕྲིན། སྒྲ་ལྡན་གསར་འགྱུར་ལེ་ཚན་སོགས་རྒྱང་བསྲིང་བྱེད་བཞིན་ཡོད་པ་རེད།