ཨོ་སི་ཊོ་ལི་ཡའི་ནང་རླངས་འཁོར་བརྡབ་སྐྱོན་བྱུང་སྐབས་ཁྱེད་ཀྱིས་ཤེས་དགོས་པའི་གནས་ཚུལ་ཁག་ཅིག

SG_PhotoPost After Car Crash.jpg

མཚམས་རེར་རླངས་འཁོར་བརྡབ་སྐྱོན་བྱུང་སྐབས་མི་ལ་རྨས་སྐྱོན་དང་རླངས་འཁོར་སོགས་ཅ་དངོས་གཏོར་སྐྱོན་གང་ཡང་བྱུང་མེད་ཀྱང་སེམས་ལ་དངངས་འཚབ་ཆེན་པོ་ཡོང་གི་ཡོད། གལ་སྲིད་ཁྱེད་རང་གི་རླངས་འཁོར་བརྡབ་སྐྱོན་ཤུགས་ཆེན་པོ་དང་ཡང་ན་ཆུང་ཆུང་རིགས་གང་འདྲ་ཞིག་བྱུང་ཡང་། ཁྱེད་རང་ལ་རོགས་རམ་བྱེད་མཁན་གང་འདྲ་བྱས་ནས་འཚོལ་དགོས་མིན་དང་། བརྡབ་སྐྱོན་དེ་ཁྱེད་རང་གིས་ནོར་འཁྲུལ་ཡིན་མིན་གང་ལྟར་ཡང་ཁྱེད་རང་ལ་ཐོབ་ཐང་ག་རེ་ཡོད་མེད་སྐོར་ལ་ངོ་སྤྲོད།


གལ་སྲིད་ཨོ་སི་ཊོ་ལི་ཡའི་ནང་རླངས་འཁོར་རྡུབ་ཁ་ཐེབས་ཚེ་ཁ་བཀག་ནས་མ་བསྡད་ཚེ་དེ་ནི་ནག་ཉེས་ཆགས་ཀྱི་ཡོད།

རླངས་འཁོར་རྡུང་ཁ་བརྒྱབ་ཚེ་དང་པོ་གནད་འགག་ཆེ་ཤོས་ཤིག་ནི་མི་ཚང་མ་བདེ་འཇགས་ཡིན་མིན་བརྟག་དཔྱད་ངེས་བརྟན་བྱེད་དགོས་པ་དང་། དེ་ནས་སུ་ཞིག་ལ་སྨན་བཅོས་དགོས་ཀྱི་ཡོད་མེད་གཟབ་ནན་བརྟག་དགོས་པ་ཡིན།

ནིའུ་སའོ་ཐི་ཝལ་མངའ་སྡེའི་འགྲིམ་འགྲུལ་དང་མྱུར་བགྲོད་གཞུང་ལམ་སྐོར་གཡེང་བྱེད་མཁན་གྱི་ཉེན་རྟོག་འགན་འཛིན་སར་ཇན་ཊི་སི་ཀོ་ཊི་ Sergeant Scott ལགས་ཀྱིས་འགྲེལ་བརྗོད་གནང་དོན།

གལ་སྲིད་རླངས་འཁོར་བརྡབ་སྐྱོན་བྱུང་ཚེ་ཁྱེད་རང་མོ་ཊའི་ནང་ནས་བདེ་འཇགས་ཡོང་ཐབས་བྱེད་དགོས་པ་མ་ཚད་མི་གཞན་དག་ཀྱང་ཉེན་ཁ་མི་ཡོང་བའི་ཐབས་ཤེས་བྱེད་དགོས། དཔེར་ན་ཁྱེད་རང་གི་རླངས་འཁོར་གྱི་མཐའ་འཁོར་དང་མོ་ཊ་གཞན་དག་ནས་ཉེན་ཁ་ཡོད་མེད་བལྟ་དགོས་པ་རེད། གནད་འགག་ཆེ་ཤོས་ཤིག་ནི་ལམ་གྱི་དཀྱིལ་དེ་ལ་རེད། གལ་སྲིད་ཁྱེད་རང་གི་རླངས་འཁོར་ཁ་བཀག་ནས་ཕྱིར་ལ་དོན་ཡོང་སྐབས་ཁྱེད་རང་གི་མོ་ཊ་མཐའ་སྐོར་ལ་སྐོར་ར་རྒྱག་ནས་མཐའ་འཁོར་དེར་ག་རེ་ཡོད་མེད་དང་མོ་ཊ་གཞན་པ་རྒྱུག་ཡོང་གི་ཡོད་མེད་བལྟ་དགོས་པ་ཡིན། གང་ཡིན་ཟེར་ན་མོ་ཊ་གཞན་དག་རྒྱུག་ཡོང་བ་དེས་ཁྱེད་རང་གི་མོ་ཊ་བརྡབ་སྐྱོན་བྱས་པ་ལས་ཀྱང་ཉེན་ཁ་ཆེ་བ་ཡོད་པ་རེད། གཡས་གཡོན་ལ་གཟབ་ནན་བལྟས་རྗེས་ཉེན་ཁ་མེད་པ་མཐོང་ན་གཞི་ནས་ས་ཆ་བདེ་འཇགས་ཡིན་ས་ཞིག་ལ་པར་སྤོ་ཐབས་བྱེད་དགོས་པ་རེད་ཅེས་གསུངས་འདུག

གལ་སྲིད་རླངས་འཁོར་བརྡབ་སྐྱོན་བྱུང་སྐབས་མི་སུ་ཞིག་ལ་རྨས་སྐྱོན་ཕོག་འདུག་ན་དེ་མ་ཐག་ཛ་དྲག་མྱུར་སྐྱོབ་བྱེད་མཁན་གྱི་ཁ་པར་ཨང་གྲངས་ཀླད་ཀོ་གསུམ་ལ་འབྲེལ་བ་བྱེད་ནས་རོགས་རམ་ཞུ་དགོས་པ་དང་། གལ་སྲིད་ཁྱེད་རང་གི་ཐུབ་ཚེ་མྱུར་སྐྱོབ་སྨན་བཅོས་ First Aid བྱེད་ཐབས་སྤྱད་དགོས་པ་རེད།

ཛ་དྲག་སྨྱུར་སྐྱོབ་མི་སྣས་དེ་མ་ཐག་ཉེན་རྟོག་པ་དང་མེ་གསོད་རུ་ཁག མྱུར་སྐྱོབ་རླངས་འཁོར་སོགས་འབྲེལ་ཡོད་ཞབས་ཞུ་ཁག་ལ་ལམ་སང་འབྲེལ་གཏུགས་གནང་གི་ཡོད་པ་རེད།

ཁོང་གིས་རླངས་འཁོར་གྱི་གདུང་ཁ་མང་ཤོས་ནི་གལ་སྲིད་རླངས་འཁོར་ཁ་ལོ་བ་སུ་ཞིག་ཆ་རག་དང་ཉལ་ཐག་གི་ཤུགས་རྐྱེན་ཐེབས་པ་དང་། ཁ་བཀག་མ་ཐུབ་པའི་གནས་སྟངས་སོགས་ལས་ཡོང་གི་ཡོད་ཅིང་གནས་ཚུལ་དེ་ཚོའི་རྐྱེན་པས་རླངས་འཁོར་རྡུང་ཁ་སྐབས་མི་སྣ་ཤི་རྨས་སོགས་ཀྱི་གནས་སྟངས་ཚབ་ཆེན་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག

རྒྱུན་དུ་ལམ་ཁ་སྟེང་དུ་ཉེན་ཁ་རིགས་འབྱུང་བ་དང་། འགྲིམ་འགྲུལ་འགོག་རྐྱེན་ཐེབས་པ། ཡང་ན་རླངས་འཁོར་ལྗིད་ཚད་ཚད་གཞི་ལས་བརྒལ་བ་འགྲོ་བསྐྱོད་བྱེད་སྐབས་ཉེན་རྟོག་པས་གནས་ཚུལ་འབྱུང་ཡུལ་ལ་ཡོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་ཡོད།

གལ་སྲིད་གཞུང་ལམ་སྟེང་དུ་རླངས་འཁོར་ཁ་ལོ་བ་སུ་ཞིག་ལ་གནས་སྟངས་ཏག་ཏག་མ་བསྡད་པའི་རྣམ་པ་མངོན་ཚེ་ཉེན་རྟོག་པས་དེ་མ་ཐག་དེ་ལ་ཐེ་རྟོགས་བྱེད་ཀྱི་ཡོད།

འོན་ཀྱང་རླངས་འཁོར་གདོང་ཐུག་ཆུང་ཆུང་སྐབས་སུ་ཞིག་ལའང་རྨས་སྐྱོན་ཡོང་གི་མེད་པས་ཕྱོགས་གཉིས་ཀྱི་ནང་ཁུལ་དུ་འགྲིག་འཇགས་བྱེད་ཀྱི་ཡོད་པས་དེ་ལ་ཉེན་རྟོག་པ་ཐེ་ཇུས་མཉམ་ཞུགས་དང་། ནག་ཉེས་བརྩད་གཅོད་རིགས་བྱེད་ཀྱི་མེད།

ཉེན་རྟོག་པ་སར་ཇན་ཊི་སི་ཀོ་ཊི་ Sergeant Scott ལགས་ཀྱིས་གལ་སྲིད་ཕྱོགས་གཉིས་ཀའི་རླངས་འཁོར་གནོད་སྐྱོན་ཆེན་པོ་བཏང་མེད་པ་རླངས་འཁོར་གཉིས་ཀ་མུ་མཐུད་གཏང་ན་འགྲིག་གི་ཡོད་ཚེ་ལམ་ཁའི་ཟུར་ལ་བདེ་འཇགས་ཡོད་ས་ཞིག་ལ་ཁ་བཀག་ནས་ཕན་ཚུན་བར་སྐད་ཆ་མདོར་བསྡུས་ཤིག་བྱེད་ན་འགྲིག་གི་ཡོད་སྐོར་གསུངས་འདུག

ཁོང་གིས་གལ་སྲིད་རླངས་འཁོར་ཁ་ལོའི་ཡིག་ཆ་དང་མོ་ཊའི་ཡིག་ཆ་ཕར་ཚུར་སྤྲོད་རེས་བྱེད་དགོས་ཚེ། ཁྱེད་རང་གི་རླངས་འཁོར་གྱི་ཁ་བྱང་དང་རླངས་འཁོར་ཁ་ལོའི་ལག་འཁྱེར་བཅས་པར་རྒྱག་དགོས། ད་དུང་རླངས་འཁོར་གནོད་སྐྱོན་བཏང་ས་དེ་ཚོར་པར་རྒྱག་དགོས་པ་རེད། དེ་བཞིན་ཕར་ཕྱོགས་དེའི་འབྲེལ་གཏུགས་བྱེད་སའི་ཁ་པར་ཨང་གྲངས་ཀྱང་སྐད་ཆ་འདྲི་དགོས་པ་ཡིན།  དེ་ལྟར་བུའི་རླངས་འཁོར་རྡུང་ཁ་ཆུང་ཆུང་རིགས་ཀྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་རླངས་འཁོར་བརྡབ་སྐྱོན་འགན་ལེན་བྱེད་མཁན་གྱི་ཚོང་ལས་ཁང་ Insurance Company ལ་སྤྲད་དགོས། དེ་རྗེས་རླངས་འཁོར་རྡུང་ཁ་དེ་ཕྱོགས་སུའི་ནོར་འཁྲུལ་ཡིན་མིན་བརྟག་དཔྱད་དང་ཐག་གཅོད་བྱས་ཚར་རྗེས་ནོར་འཁྲུལ་བཟོ་མཁན་དེའི་ཕྱོགས་ནས་གུན་གསབ་དང་རླངས་འཁོར་བཟོ་བཅོས་རྒྱག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཇེ་ནེ་ཧྥོ་ལའེ་ Jane Foley ལགས་ནི་གཞུང་གིས་བཙུགས་པའི་སྤྱི་དམངས་ཁྲིམས་རྩོད་ལྟེ་གནས་ཤིག་གི་དཔལ་འབྱོར་ཐོབ་ཐང་སྐོར་གྱི་ལས་བྱེད་རྒན་པ་ཞིག་ཡིན་པ་རེད། ཁོ་མོས་མི་རྣམས་རླངས་འཁོར་བརྡབ་སྐྱོན་སོགས་ཀྱི་གནས་ཚུལ་ལྷག་སྐབས་ལམ་སྟོན་དང་རོགས་རམ་བྱེད་ཀྱི་ཡོད།

ཁོ་མོས་རླངས་འཁོར་རྡུང་ཁ་བརྒྱབ་རྗེས་གལ་སྲིད་ཁྱེད་རང་གི་ནོར་འཁྲུལ་མིན་ཡང་། ཕ་ཕྱོགས་དེའི་ཁ་བྱང་ཞིབ་ཕྲ་རག་རྗེས་ཁྱེད་རང་གི་རླངས་འཁོར་བཟོ་བཅོས་རྒྱག་པར་དགོས་མེད་ཀྱི་འགྲོ་སོང་མ་འགྲོ་བ་བྱེད་དགོས་པ་རེད་ཅེས་གསུངས་འདུག

ཁོ་མོས་གལ་སྲིད་རླངས་འཁོར་རྡུང་ཁ་དེ་ཁྱེད་ཀྱི་ནོར་འཁྲུལ་མིན་ཡང་རླངས་འཁོར་འགན་ལེན་བྱེད་མཁན་རྩ་ནས་བཟོ་བཅོས་གུན་གསབ་ཞུས་སྐབས་ insurance claim ཕར་ཕྱོགས་མི་དེའི་ཁ་བྱང་སོགས་ཞིབ་པྲ་གནས་ཚུལ་མེད་ཀྱང་ཁོང་ཚོས་གུན་གསབ་སྤྲད་ནས་བཟོ་བཅོས་རྒྱག་གི་ཡོད། འོན་ཀྱང་རྟགས་པར་དེ་འདྲ་བྱས་ཚེ་ཁོང་ཚོས་ངོས་ལེན་བྱེད་མི་སྲིད། གཞན་ཡང་རླངས་འཁོར་རྡུང་ཁ་རྒྱག་སྐབས་དཔངས་རྟགས་དང་བརྙན་པར་དེ་འདྲ་ཡོད་ཚེ་ཕན་ཐོགས་ཡོད་པ་རེད་ཅེས་གསུངས་འདུག



Share