ཨོ་སི་ཊོ་ལི་ཡའི་མི་རྣམས་རྒྱལ་ཁབ་གཞན་ལ་འགྲོ་སྐབས་སྨན་ཁབ་ཁག་ཅིག་རྒྱག་རྒྱུ་གལ་ཆེན་ཡིན།

Essential vaccinations Australians may need when travelling overseas.jpg

ཨོ་སི་ཊོ་ལི་ཡའི་མི་རྣམས་ཕྱི་རྒྱལ་ལ་འགྲོ་བསྐྱོད་སྐབས་རིམས་ནད་སྔོན་འགོག་ཆེད་སྨན་ཁབ་ཁག་ཅིག་རྒྱག་རྒྱུ་གལ་ཆེན་ཡིན། རིམས་ནད་དེ་འདྲ་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་མེད་ཀྱང་འཛམ་གླིང་གི་ལུང་པ་གཞན་ལ་རྒྱུན་དུ་ཡོད་སྲིད་པ་རེད།


སྔོན་ལ་འགོག་ཁབ་གང་ཞིག་རྒྱག་དགོས་མིན་སྐོར་ཐག་གཅོད་བྱེད་པར། ཐོག་མར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ WHO ཀྱིས་ལམ་སྟོན་ལྟར་བསྐྱོད་དགོས་པ་ཡིན།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཡུལ་སྐོར་འགྲུལ་བཞུད་བྱེད་མཁན་རྣམས་ལ་རྒྱུན་ལྡན་སྤྱི་ཡོངས་ཀྱི་འགོག་ཁབ་ཁག་ཅིག་དང་། ཡང་ལུང་པ་དང་ས་ཁུལ་བྱེ་བྲག་པ་ལ་ཡོད་པའི་རིམས་ནད་དམིགས་བསལ་དེ་འདྲ་སྔོན་འགོག་ཆེད་འགོག་ཁབ་ཁག་ཅིག་ལམ་སྟོན་བྱས་ཡོད།

ཇེ་ནེ་ཧྥ་ལའེ་ Jane Frawley ལགས་ནི་སིཌ་ནིང་ཚན་སྩལ་གཙུག་ལག་སློབ་གཉེར་ཁང་གི་ནང་སྲིད་མང་ཚོགས་འཕྲོད་བསྟེན་སྐོར་གྱི་སློབ་དཔོན་ཞིག་རེད། ཁོ་མོས་ཡུལ་སྐོར་འགྲུལ་བཞུད་སྐབས་མཚམས་རེར་ཨོ་སི་ཊོ་ལི་ཡའི་ནང་མེད་པའི་ན་ཚ་ཚབས་ཆེན་དེ་འདྲ་འགོས་སྲིད་སྐོར་བརྗོད་འདུག

གུང་སེང་འགྲོ་སྐབས་ཆེས་མི་འདོད་པ་ནི་ན་བ་དེ་ཡིན་ཞིང་། མཚམས་རེར་འཛམ་གླིང་གི་ལུང་པ་མི་འདྲ་བ་དེ་འདྲ་འགྲོ་སྐབས་རྒྱུན་དུ་ཨོ་སི་ཊོ་ལི་ཡའི་ནང་མེད་པའི་ན་ཚ་དེ་འདྲ་ཕོག་སྲིད་པ་ཡིན། དཔེར་ན་གློ་ནད་ཀྲི་སྦི་ TB དང་། རྒྱུ་ནད། ཁྱི་སྨྱོན་གྱིས་སོ་རྒྱབ་པའི་ནད་དུག ཚ་ནད་སེར་པོ་སོགས་ན་སྲིད་པ་ཡིན་སྐོར་བརྗོད་འདུག

དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་ལུང་པ་གཅིག་ནས་གཅིག་ལ་འཕྲོད་བསྟེན་བདེ་ཐང་གི་ཉེན་ཁ་ཆེན་པོ་ཡོད་པ་ཡིན།

སློབ་དཔོན་ཆེན་མོ་ཇེ་ནེ་ཧྥ་ལའེ་ Jane Frawley ལགས་ཀྱིས་རིམས་ནད་གསར་པ་འབྱུང་བ་དང་མཉམ་དུ་འགོག་ཁབ་ཀྱང་གསར་པ་ཡོང་སྲིད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

འཛམ་གླིང་གི་ལུང་པ་གཞན་ཁག་ཅིག་ལ་རིམས་ནད་དར་ཁྱབ་ཆེན་པོ་ཡོད་པ་དང་། མཚམས་རེར་ལུང་པ་དེ་ལ་རིམས་ནད་དེ་མུ་མཐུད་གནས་ཡོད་སྲིད་པ་རེད། རིམས་ནད་དེ་དག་ཚང་མ་ནི་ཁྱོད་ཀྱི་ལུས་པོ་དང་ཁྱོད་ཀྱི་རིམས་འགོག་མ་ལག་གིས་སྔོན་ཆད་ཐུག་མ་མྱོང་བའི་ནད་རིགས་ཡིན་སྲིད། དེའི་རྐྱེན་གྱིས་རིམས་འགོག་སྨན་ཁབ་ཅིག་རྒྱག་རྒྱུ་ཧ་ཅང་གལ་ཆེན་ཡིན་པས། འགོག་ཁབ་ཅིག་རྒྱབ་ཡོད་ཚེ་དེས་གལ་སྲིད་ཁྱེད་རང་རིམས་ནད་གསར་པ་ཞིག་དང་ཐུག་ཚེ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡ་ནས་ལུང་པ་གཞན་ལ་འགྲུལ་བཞུད་བྱེད་མཁན་རྣམས་ལ་དམིགས་བསལ་འགོག་ཁབ་ག་རེ་དགོས་མིན་ནི། གཙོ་བོ་ལུང་པ་གང་ལ་འགྲོ་རྒྱུ་ཡིན་མིན་དང་། ས་ཐག་རིང་ཐུང་། དུས་ཡུན་རིང་ཐུང་ག་ཚོད་སྡོད་རྒྱུ་ཡིན་མིན་སོགས་ལ་རག་ལུས་ཡོད་པ་རེད།

ཆེད་ལས་ཀྱི་སྨན་བཅོས་བློ་འདྲི་བྱེད་ས་ནས་སོ་སོ་སྒེར་གྱི་གཟུགས་པོའི་གནས་སྟངས་དང་། འགྲོ་བསྐྱོད་བྱེད་ས་དང་འཚམ་པའི་འཕྲོད་བསྟེན་ལ་དམིགས་བསལ་དགོས་མཁོ་རག་ཐབས་བྱེད་དགོས་ཀྱི་ཡོད་པ་རེད།

སློབ་དཔོན་ཆེན་མོ་ཇེ་ནེ་ཧྥ་ལའེ་ Jane Frawley ལགས་ཀྱིས་འགྲུལ་བཞུད་བྱེད་མཁན་ཚང་མས་སོ་སོས་དུས་རྒྱུན་བསྟེན་གཏུགས་བྱེད་སའི་སྨན་པ་ GP རྩ་ནས་སོ་སོའི་འགྲུལ་བཞུད་བྱེད་ས་དང་འཚམ་པའི་སྨན་བཅོས་འཆར་གཞི་དང་འགོག་ཁབ་ག་རེ་དགོས་མིན་ལམ་སྟོན་ཞུ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

སྨན་པ་ཚོར་འགོག་ཁབ་ཀྱི་ཐོ་གཞུང་ཡོད་པ་རེད་དེ་གཙོ་བོར་ཁྱེད་རང་ལུང་པ་གང་ལ་འགྲུལ་བཞུད་བྱ་རྒྱུ་ཡིན་མིན་ལ་རག་ལུས་ཡོད་པ་རེད། ཁྱེད་རང་ལུང་པ་ཁག་ཅིག་ལ་འགྲོ་སྐབས་ལུང་པ་དེས་འགོག་ཁབ་དེ་དང་དེ་ངེས་པར་དུ་རྒྱག་དགོས་ཟེར་བ་དེ་འདྲ་ཡོད་པ་རེད། ལུང་པ་དེར་ཁྱེད་རང་གིས་འགོག་ཁབ་དེ་བརྒྱབ་ཡོད་པའི་དཔངས་རྟགས་སྟོན་དགོས་ཀྱི་ཡོད་པ་རེད།  རྒྱུན་དུ་བསྟེན་གཏུགས་བྱེད་སའི་སྤྱི་ཡོངས་སྨན་པས་དེའི་སྐོར་ཤེས་ཀྱི་ཡོད་པ་རེད་ལ་ཁྱེད་རང་ལ་དེ་སྔོན་སྨན་ཁབ་གང་ཞིག་བརྒྱབ་ཚར་ཡོད་མེད་ཀྱང་ཤེས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙམ་ཁོང་ཚོས་ཁྱེད་རང་ལ་དཔེར་ན་ཏོག་དབྱིབས་འགོག་ཁབ་དང་ཡང་ན་ཏེ་ཋ་ནུ་སི་འགོག་ཁབ་ tetanus སོགས་ག་རེ་དགོས་མིན་ཤེས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཁོ་མོས་འགོག་ཁབ་མང་པོ་ཞིག་ཐེངས་གཅིག་ལས་མང་བ་རྒྱག་དགོས་ཀྱི་ཡོད་པར་བརྟེན། མཇུག་མཐར་དེར་ཁྱེད་རང་གི་སྨན་པར་འགོག་ཁབ་ཐེངས་གཉིས་པ་ཞིག་དགོས་ཀྱི་ཡོད་མེད་སྐོར་ལ་བཀའ་འདྲ་ནན་ཏན་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག

མི་མང་པོ་ཞིག་སྨན་པ་བསྟེན་གཏུགས་བྱ་རྒྱུའུ་དུས་ཚོད་བཟོས་དུས་མ་གཏོགས་འགོག་ཁབ་རྒྱག་རྒྱུ་དྲན་པ་བརྗེད་བཞིན་ཡོད་པ་རེད། ཡིན་ནའང་དེ་ནས་རྒྱུན་དུ་ཧ་ཅང་ཕྱིས་དྲག་པ་རེད། འགོག་ཁབ་དེ་ཚོ་ཁྱེད་རང་གི་གཟུགས་པོའི་ནང་ནས་འགོག་སྲུང་ནུས་པ་ཐོན་རྒྱུར་དུས་ཚོད་ཏོག་ཙམ་དགོས་ཀྱི་ཡོད་པ་རེད། འགོག་ཁབ་དེ་ཚོའི་འགོག་སྲུང་ནུས་པ་ཐོན་པར་ཉུང་མཐུད་དུས་ཡུན་བདུན་ཕྲག་ ༦ ཙམ་དགོས་ཀྱི་ཡོད་པ་རེད། འགོག་སྲུང་གི་ནུས་པ་ཡག་པོ་ཐོན་པར་བདུན་ཕྲག་ ༡༢ ཙམ་འགོར་གྱི་ཡོད་པ་རེད། ཁྱེད་རང་འགྲུལ་བཞུད་བྱ་རྒྱུའི་བསམས་པ་ཡོད་ཚེ་དུས་ཡུན་ཟླ་བ་གསུམ་ཙམ་སྔོན་ནས་འགོག་ཁབ་རྒྱག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

སིཌ་ནིང་གཙུག་ལག་སློབ་གཉེར་ཁང་གི་འགོག་ཁབ་རིག་པའི་ཆེད་མཁས་པ་སློབ་དཔོན་ནེ་ཁོ་ལཱ་སི་ཝུ་ཌི་ Nicholas Wood ལགས་ཀྱིས་བྱེ་བྲག་གི་འགོག་ཁབ་གང་ཞིག་དགོས་མིན་ནི་གཙོ་བོར་ཁྱེད་རང་གི་ལོ་ཚད་དང་། གཟུགས་པོའི་གནས་སྟངས། འཚོ་བ་སྐྱེལ་སྟངས། འཚོ་ཐབས་སོགས་ལ་རག་ལུས་ཡོད་པ་རེད་ཅེས་གསུངས་འདུག

 གལ་སྲིད་ཁྱེད་རང་གི་གཟུགས་པོའི་བདེ་ཐང་སྐྱོ་པོ་ཡོད་ན་འགོག་ཁབ་འཕར་མ་དེ་འདྲ་དགོས་ཀྱི་ཡོད་པ་རེད། དཔེར་ན་ཆམས་རིམས་འགོག་ཁབ་ Flu སོགས་རྒྱག་དགོས་པ་གལ་ཆེན་པོ་རེད། འགྲུལ་བཞུད་བྱེད་མཁན་ཚོས་སོ་སོའི་སྨན་པར་ཁྱེད་རང་གིས་ཤེས་གསལ་ལྟར་ང་ལ་གཅིན་པ་མངར་སྐྱུར་གྱི་ན་ཚ་དང་། གློ་ནད། སོགས་ན་ཚ་དེ་དང་དེ་ཡོད་པས་འགོག་ཁབ་འཕར་མ་ག་རེ་དགོས་ཀྱི་ཡོད་རེད་འདྲི་དགོས་པ་རེད། དེའི་ཆེད་དུ་སོ་སོའི་སྨན་པ་རྩ་ནས་འགོག་ཁབ་དེ་དག་རག་ཐབས་བྱེད་དགོས་པ་རེད་ཅེས་གསུངས་འདུག

སྤྱིར་ཡོངས་འགྲུལ་བཞུད་བྱེད་མཁན་ཨོ་སི་ཊོ་ལི་ཡའི་མི་རྣམས་ལ་ཏོག་དབྱིབས་ན་ཚ་དང་། མཆིན་ནད་ཀ་པ། ཚ་ནད་སེར་པོ། རྒྱུ་མ་ཚ་བ། ཁྱི་སྨྱོན་སོ་དུག་སོགས་ཀྱི་ཆེད་དུ་འགོག་ཁབ་ཁག་ཅིག་རྒྱག་དགོས་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད།

རྒྱུན་དུ་འགོག་ཁབ་དེ་དག་རྒྱབ་རྗེས་སྨན་མི་འཕྲོད་པའི་དཀའ་ངལ་དེ་འདྲ་འཕྲད་པ་ཉུང་ཉུང་ཡིན་ཡང་། སྐབས་རེར་དེ་འདྲའི་གནས་ཚུལ་ཐོན་རྗེས་ཁྱེད་རང་གི་སྨན་པར་ག་རེ་བྱེད་དགོས་མིན་ལམ་སྟོན་ཞུ་དགོས་ཀྱི་ཡོད་པ་རེད།

འགོག་ཁབ་རྒྱབ་རྗེས་སྨན་མ་འཕྲོད་དང་ད་གཉན་ཁ་རྒྱག་པ་སོགས་ཀྱི་གནས་ཚུལ་ཐོན་ཚེ་ཁ་པར་ཨང་གྲངས་ 1300 དང་ཡང་ན་ 1300633424 ཐོག་ནས་ལམ་སྟོན་ཞུ་དགོས་ཀྱི་ཡོད་པ་རེད།

གལ་སྲིད་འགོག་ཁབ་དེ་དག་རྒྱལ་ཁབ་དང་ལུང་པ་གཞན་པའི་ནང་རག་ཡོད་ཚེ་འགོག་ཁབ་བརྒྱབ་པའི་ཡིག་ཆ་བདག་ཉར་གྱིས་ཨོ་སི་ཊོ་ལི་ཡའི་འགོག་ཁབ་ཐོ་འགོད་ AIR ནང་བཀོད་དགོས་ཀྱི་ཡོད་པ་རེད།

ཐོ་འགོད་དེ་དག་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་ཨོ་སི་ཊོ་ལི་ཡའི་ཆེད་མཁས་སྨན་པ་གཅིག་པུས་བྱེད་ཐུབ་ཀྱི་ཡོད་པ་དང་ཁྱེད་རང་གི་རྒྱུན་དུ་བསྟེན་གཏུགས་བྱེད་སའི་ན་ཚ་སྤྱིར་ཡོངས་སྨན་པ་དང་ཡང་ན་སྨན་བཅོས་བྱེད་མཁན་ལ་རོགས་རམ་ཞུ་དགོས་ཀྱི་ཡོད་པ་རེད།

Share