ཁ་ཤས་འདས་གྲོངས་སུ་འགྲོ་སྐབས་ཁོང་ཚོས་རྒྱུ་ནོར་རྣམས་སོ་སོའི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་དེ་འདྲ་བཞག་གི་ཡོད་པས། དེ་ལ་”འདས་པོའི་ཤུལ་བཞག་རྒྱུ་དངོས་”ཞེས་འབོད་ཀྱི་ཡོད་པས། དེ་རིགས་རག་མཁན་ལ་ཁེ་ཕན་ཐོབ་ཀྱི་ཡོད།
མེ་ལེ་སཱ་རེ་ནོལ་ཌེས་ Melissa Reynolds ལགས་ནི་ཝི་ཊོ་རི་ཡ་མངའ་སྡེའི་ནང་རྒྱུ་ནོར་བཅོལ་འཇོག་ཞབས་ཞུ་ཁང་གི་སྤྱི་ཁྱབ་ལག་བསྟར་དོ་དམ་པ་ཞིག་རེད། ཁོ་མོས་མི་རྣམས་ཀྱིས་རྒྱུན་འཛིན་བྱེད་ཆོག་པའི་རྒྱུ་ནོར་གྱི་རིགས་ལ་འགྲེལ་བརྗོད་གནང་དོན།
ཤུལ་བཞག་གི་རིགས་ནང་དཔེར་ན། ཁང་པ་དང་དངུལ་ཁང་ནང་གི་བཅོལ་དངུལ། མོ་ཊ། མ་རྐང་འཛིན་ཤོག་གམ་ཡང་ན་ཁང་པ་ནང་གི་རྒྱུ་དངོས་སོགས་རེད། མ་ཚད་དཔེར་ན་རྔན་པའི་རིགས་ལ་ངས་མི་དེ་ལ་ངའི་པོ་ཊ་སྤྲོད་རྒྱུ་ཡིན་ཞེས་དང་། ཡང་ན་ངས་ཁྱིམ་མཚེས་ལ་རིན་ཐང་སྒོར་མོ་ཆིག་ཁྲི་ ༡༠,༠༠༠ ཡི་རིན་ཐང་སྤྲོད་རྒྱུ་ཡིན་ཟེར། ངའི་མཁར་དབང་དང་རྒྱུ་ནོར་ཡོངས་རྫོགས་ངའི་ཕྲུ་གུར་ལ་སྤྲོད་རྒྱུ་ཡིན་ཟེར་བ་སོགས་སྣ་ཚོགས་ཡོད་པ་རེད་ཅེས་གསུངས་འདུག
མི་ཁག་ཅིག་གིས་ཁོང་ཚོ་གྲོངས་རྗེས་ཤུལ་ལུས་རྒྱུ་དངོས་དེ་དག་བགོ་བཤའ་ཇི་ལྟར་རྒྱག་རྒྱུའི་རེ་བ་ལྟར་ཁ་ཆེམས་ཡི་གེ་དེ་འདྲ་བཞག་གི་ཡོད།
ཁ་ཆེམས་ནང་ཁྲིམས་དང་མཐུན་པའི་མི་སྣ་ཞིག་བསྐོ་བཞག་བྱེད་ནས་དེས་ཤུལ་ལུས་རྒྱུ་དངོས་མངག་བཅོལ་འགན་འཁུར་དང་། འགན་འཁུར་མི་སྣ་དེས་འདས་པོའི་འདོད་བློ་ལྟར་ཤུལ་ལུས་རྒྱུ་དངོས་རྣམས་བགོ་བཤའ་དང་རྩིས་སྤྲོད་བྱེད་ཀྱི་ཡོད། མཚམས་རེར་འགན་འཁུར་མི་སྣ་དེ་ལ་ཡང་ཤུལ་བཞག་རྒྱུ་ནོར་དེ་འདྲ་ཐོབ་ཀྱི་ཡོད།
ཧྥེ་ལོ་རན་ཊི་ཨ་བྷ་ཌི་ Florante Abad ལགས་ནི་པི་ལིན་ཕིང་དང་ཨོ་སི་ཊོ་ལི་ཡའི་གཉིས་ཀའི་ནང་ཁྲིམས་ལུགས་ཐོག་ལས་ཀ་བྱེད་མཁན་ཞིག་རེད། ཁོང་གིས་གལ་སྲིད་ཤུལ་ལུས་རྒྱུ་དངོས་ལག་བསྟར་བྱེད་མཁན་བསྐོ་བཞག་མ་བྱུང་ཚེ། ཁྲིམས་ཁང་གིས་ཐེ་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
གལ་སྲིད་ཁྱེད་རང་ཤུལ་ལུས་རྒྱུ་ནོར་འགན་འཁུར་ལག་བསྟར་བྱེད་མཁན་ལ་བསྐོ་བཞག་བྱས་ཀྱང་། ཁྱེད་ཀྱིས་དེ་འདྲའི་ལག་བསྟར་ཡག་པོ་ཞིག་བྱེད་ཐུབ་ས་མ་རེད་བསམས་ཚེ། གཞུང་གི་ཤུལ་ལུས་རྒྱུ་ནོར་དོ་དམ་བྱེད་མཁན་གྱི་ལས་ཁུངས་ལ་ཁྱེད་རང་གི་ཚབ་ཏུ་འགན་དབང་སྤྲད་ཆོག་ལ། ལས་ཁུངས་དེས་མི་མང་གི་མི་ཚེ་མཐའ་མའི་བར་དུ་ལས་དོན་རོགས་རམ་བྱེད་ཀྱི་ཡོད།
འགན་འཁུར་མི་སྣ་དེས་ཁེ་ཕན་ཐོབ་མཁན་ཚང་མ་ལ་འབྲེལ་བ་བྱེད་སྟེ་”ཁ་ཆེམས་ནང་འཁོད་ཁག་གཞུང་འབྲེལ་ར་སྤྲོད་”བྱེད་དགོས་ཀྱི་ཡོད་པ་རེད། མེ་ལེ་སཱ་རེ་ནོལ་ཌེས་ Melissa Reynolds དེའི་སྐོར་འགྲེལ་བརྗོད་གནང་དོན།
ཁོ་མོས་ཁ་ཆེམས་ནང་འཁོད་གཞུང་འབྲེལ་ར་སྤྲོད་དེ་ཁྲིམས་ཁང་གིས་བཀའ་རྒྱ་ཞིག་ཡིན་ཞིང་། དེས་ཁ་ཆེམས་དེ་ཁྲིམས་ཐོག་ནས་དག་སྐྱེལ་གྱིས་ལག་བསྟར་བྱེད་མཁན་དེ་ལ་ཤུལ་བཞག་རྒྱུ་ནོར་ལག་བསྟར་བྱ་རྒྱུའི་ཁྲིམས་མཐུན་འགན་དབང་སྤྲད་པ་ཞིག་རེད་ཅེས་གསུངས་འདུག
ཆེས་མཐོའི་ཁྲིམས་ཁང་ལ་སྙན་ཞུ་བརྒྱབ་པའི་ཁ་ཆེམས་གཞུང་འབྲེལ་ཐོ་འགོད་དེ་བཞིན་དེ་ཁྱེད་རང་གིས་ས་གནས་ནས་ཀྱང་ལྟ་ཞིབ་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་མི་ཁག་ཅིག་གིས་ཁ་ཆེམས་མ་བཞག་པར་འདས་གྲོངས་སུ་འགྲོ་བཞིན་ཡོད་པས། དེ་དག་གིས་ཤུལ་ལུས་རྒྱུ་དངོས་སུ་ལ་ཐོབ་མིན་ཁྲིམས་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད།
མི་ཞིག་གིས་གྲོངས་ཁར་ཤུལ་ལུས་རྒྱུ་ནོར་སྐོར་སྐད་ཆ་གང་ཡང་མེད་པར་འདས་གྲོངས་སུ་ཕྱིན་རྗེས་དེ་ལ་ཁ་ཆེམས་མེད་པ་ཤི་བ་ཞེས་འབོད་ཀྱི་ཡོད། སྤྱིར་མངའ་སྡེ་སོ་སོའི་ནང་ཤུལ་ལུས་རྒྱུ་དངོས་སུ་ལ་ཐོབ་མིན་དང་བརྒྱ་ཆ་ག་ཚོད་ཐོབ་མིན་སོགས་ཀྱི་སྐོར་སྤྱི་འགྲོས་ཁྲིམས་ལུགས་འགྲོ་སྟངས་ཤིག་ཡོད་པ་རེད། ཁྱེད་ཀྱིས་ཤུལ་ལུས་རྒྱུ་ནོར་བགོ་བཤའ་གང་འདྲ་རྒྱག་དགོས་མིན་ཤོད་དབང་་མེད། ཤུལ་ལུས་རྒྱུ་དངོས་ཐོབ་འོས་ཤོས་ཡིན་པའི་མི་དེས་ཤུལ་ལུས་རྒྱུ་དངོས་ཐོབ་རྒྱུར་སྙན་ཞུ་འབུལ་ཆོག་ལ། མཚམས་རེར་དེ་ལྟ་བུའི་ཤུལ་ལུས་རྒྱུ་དངོས་དེ་སྤྱི་དམངས་ཀྱི་རྒྱུ་དངོས་དོ་དམ་བྱེད་མཁན་ལ་ལག་བསྟར་བྱེད་པའི་དབང་ཆ་ཡང་སྤྲད་ཆོག་གི་ཡོད་པ་རེད་ཅེས་བརྗོད་འདུག
ཁ་ཆེམས་བཞག་མེད་ཀྱང་ཤུལ་ལུས་རྒྱ་ནོར་བགོ་བཤའ་རྒྱག་པའི་སྤྱི་འགྲོས་ཁྲིམས་ལུགས་དེ་ལ་ཤུལ་འཛིན་བཅའ་ཁྲིམས་ཞེས་ཟེར་གྱི་ཡོད།
སྤྱིར་སྟངས་ཤུལ་ལུས་རྒྱུ་ནོར་མང་ཆེ་བ་གསོན་ཡོད་པའི་བཟའ་ཟླར་འགྲོ་བ་དང་། དེ་མིན་གྱི་རྒྱུ་ནོར་རྣམས་ཕྲུ་གུ་གང་རུང་ལ་འགྲོ་བཞིན་ཡོད།
སྐུ་ཞབས་ཨ་བྷ་ཌེ་ Mr Abad ལགས་ཀྱིས་ནིའུ་སའོ་ཐི་ཝལ་མངའ་སྡེ་ NSW ནང་རྒྱུ་ནོར་ཤུལ་འཛིན་བཅའ་ཁྲིམས་ནང་དཔེར་ན་རྒྱུུ་ནོར་ཤུལ་འཛིན་བྱེད་མཁན་ནང་གཉེན་ཉེ་མིང་གཞུང་ནང་འཁོད་ཡོད་ཚེ་དེའི་སྐོར་ཁྲིམས་ལུགས་དམིགས་བསལ་ཡོད་སྐོར་བརྗོད་འདུག
གལ་སྲིད་འདས་པོ་དེར་བཟའ་ཟླ་དང་ཡང་ན་འདུག་རོགས་ཡོད་ཀྱང་ཕྲུ་གུ་མེད་ཚེ་རྒྱུ་དངོས་ཡོངས་རྫོགས་བཟའ་ཟླ་དེར་བདག་གི་ཡོད། བཟའ་ཟླ་དང་ཕྲུ་གུ་མེད་མཁན་རིགས་ཀྱི་རྒྱུ་དངོས་རྣམས་ཕ་མར་བདག་གི་ཡོད་པ་རེད། གལ་སྲིད་ཕ་མ་ཡང་མེད་ཚེ་དཔེར་ན་གཉེན་ཉེ་ཨ་ཁུ་ཨ་ཞང་དང་ཨ་ནེ་ཨ་སྲུ་སོགས་ལ་ཐོབ་ཀྱི་ཡོད། གལ་སྲིད་དེ་འདྲ་སུ་གང་མེད་ཚེ་སྤོ་སྤོ་རྨོ་མོ་དང་། དེ་ནས་ཚ་བོ་ཚ་མོ་ལ་ཐོབ་པ་དང་། དེ་འདྲའི་ནང་མི་སྤུན་མཆེད་སུ་གང་ཞིག་མེད་ཚེ་རྒྱུ་ནོར་རྣམས་གཞུང་གིས་བདག་པོ་རྒྱག་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་འདུག
སྟབས་ལེགས་པ་ཞིག་ལ་ཨོ་སི་ཊོ་ལི་ཡའི་ནང་ང་ཚོས་ཤུལ་བཞག་རྒྱུ་ནོར་ལ་དཔྱ་ཁྲལ་མཇལ་མི་དགོས་ཀྱང་། དཔལ་འབྱོར་གྱི་འགན་འཁྲི་འཁུར་དགོས་ཀྱི་ཡོད་པ་རེད།
གལ་སྲིད་ཁྱེད་རང་གིས་ཤུལ་བཞག་ས་ཁང་ཞིག་ཚོང་སྒྱུར་བྱེད་ཀྱི་ཡོད་ཚེ་ཨོ་སི་ཊོ་ལི་ཡ་དཔྱ་ཁྲལ་ལས་ཁུངས་ཀྱིས་དེ་ལ་དཔྱ་ཁྲལ་གྱི་སྒྲིག་གཞི་ལག་བསྟར་བྱེད་ཀྱི་ཡོད་པ་རེད།