ལྕམ་ཇེ་ནི་ཊི་རའེ་སི་མཆོག་གིས། ད་ལྟ་ངས་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བཞིན་པའི་ནང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ན། རྒྱ་ནག་གིས་ཕྱི་ལོ་ ༡༠༥༠ ལོར་བོད་ལ་བཙན་འཛུལ་བྱས་པ་དང་། ལོ་ངོ་ ༦༤ གོང་སྟེ་ཕྱི་ལོ་ ༡༩༥༩ ལོར་བོད་གཞུང་གི་དབང་ཆ་བཙན་འཕྲོག་བྱས་ཡོད་པ་རེད། བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་ལ་དྲག་གནོན་བྱས་པའི་ཉིན་མོ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་དུ་ཕེབས་པའི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་པ་རེད།
དེ་ནས་བཟུང་སྟེ་ཧ་ལམ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཡོད་པ་དང་། རྒྱ་ནག་གཞུང་གི་གཞིས་སྤོས་ཀྱི་སྲིད་བྱུས་འོག བོད་མི་རྣམས་ད་ཆ་སོ་སོའི་ལུང་པའི་ནང་གྲངས་ཉུང་མི་རིགས་ཆགས་བཞིན་ཡོད་པ་རེད།
ན་ནི་ཕྱི་ཟླ་ ༡༡ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་འབྲེལ་ཡོད་ལྷན་ཁང་གི་བཏོན་པའི་སྙན་ཐོ་ཞིག་གི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་འཁོད་ཡོད།
སྙན་ཐོ་དེའི་ནང་བོད་མིའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་རྣམས་རྒྱ་ནག་ཧན་མི་རིགས་ཀྱི་ངོ་བོར་སྒྱུར་ཐབས་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་བོད་མིའི་ཤེས་ཡོན་དང་ཆོས་དང་རིག་གཞུང་གི་བསྟི་གནས་ཁག་ལ་དམ་དྲག་གིས་བོད་མི་རྣམས་ཀྱི་སྐད་ཡིག་སློབ་སྦྱོང་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་མེད་པ་བཟོ་བཞིན་ཡོད་ཅེས་བཀོད་ཡོད།
གཞན་ཡང་ཉེ་ཆར་རང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་བཏོན་པའི་སྙན་ཐོའི་ནང་། བོད་ནང་ཕྲུ་གུ་ས་ཡ་གཅིག་ཙམ་བཙན་ཤེད་ཀྱིས་ཁྱིམ་ཚང་དང་ཁ་འཕྲལ་ནས་མི་སེར་སྤེལ་ཡུལ་གྱི་ཞག་སྡོད་སློབ་གྲྭ་ཁག་གི་ནང་བཅུག་གི་ཡོད་པས་ཨོ་སི་ཊོ་ལི་ཡ་གཞུང་ངོས་ནས་དེའི་ཐད་དོ་སྣང་བྱེད་དགོས་ཀྱི་ཡོད་པ་རེད།
ཁ་རང་སེམས་འཚབ་ཆེ་ཤོས་ཤིག་ནི་ལོ་ངོ་ ༢༨ གོང་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་རིན་པོ་ཆེའི་སྐོར་རེད། དེ་བཞིན་ངས་ན་ནིང་གླེང་སློང་བྱས་པ་བཞིན་གྲོས་ཚོགས་ཀྱི་ངོས་ནས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་བོད་ཀྱི་སྲོལ་རྒྱུན་དང་བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགས་ལག་ལེན་ཐོག་གནས་ངོས་འཛིན་ཞུས་པ་དེ་ཁོ་ན་ངོས་འཛིན་བྱ་རྒྱུ་ལས། ཕྱི་ཕྱོགས་ནས་རྒྱ་ནག་གཞུང་གིས་ཐེ་ཇུས་བྱ་རྒྱུ་མེད་སྐོར་བརྗོད་ཀྱི་ཡོད།
ང་རང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་དུ་འདི་ལོ་ཕྱི་ཟླ་ ༤ པའི་ནང་བཙན་བྱོལ་བོད་མིའི་ལྟེ་གནས་རྡ་རམ་ས་ལར་འགྲོ་ནས་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།