དེ་ཡང་ཨོ་གླིང་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་སྔ་ཕྱི་དང་འབྲེལ་ཡོད་ཚོགས་མི། གཞན་ཡང་མངའ་སྡེ་གཞུང་གི་དཔེ་མཛོད་འགན་འཛིན་དང་ཡན་ལག་དཔེ་མཛོད་འགན་འཛིན། ས་གནས་རྫོང་དཔོན་དང་བྱང་ཕྱོགས་མཚོ་ངོགས་ལས་ཁུངས། གཞན་ཡང་ལྷག་བསམ་ཅན་གྱི་མི་མང་པོ་ཞིག་གིས་ཆིག་བསྒྲིལ་དང་རྒྱབ་སྐྱོར་བླ་མེད་ལ་བརྟེན་བོད་ཡིག་དཔེ་དེབ་བརྒྱད་བརྒྱ་ལྷག་གཞུང་གི་དཔེ་མཛོད་ཁང་ནང་ཐེངས་དང་པོའི་བོད་ཡིག་གི་དཔེ་དེབ་སྡེ་ཚན་གསར་འཛུགས་ཀྱི་ཕྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༠༣ ཉིན་མཛད་སྒོ་དངོས་སུ་ཚུགས།
མཛད་སྒོའི་ཐོག་ས་གནས་Northern Beaches རྫོང་གི་རྫོང་དཔོན་དང་ NSW མངའ་སྡེའི་དཔེ་མཛོད་ཁང་གི་འགན་འཛིན། Manly དཔེ་མཛོད་ཁང་གི་འགན་འཛིན་ Dee Why དཔེ་མཛོད་ཁང་གི་འགན་འཛིན། བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ་སོགས་གཞུང་འབྲེལ་དང་གཞུང་འབྲེལ་གཞུང་འབྲེལ་མ་ཡིན་པའི་སྐུ་མགྲོན་དང་ས་གནས་ཀྱི་བོད་རིགས་དང་རིག་གནས་སྐྱེད་ཚལ་ཁང་གི་སློབ་མ་ཁག་ཅིག་མཛད་སྒོར་མཉམ་བཞུགས་གནང་ཡོད་འདུག
སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱིས་མུ་མཐུད་གནས་ཚུལ་སྤེལ་གསལ་ལྟར་ན། མཛད་སྒོའི་ཐོག་རྫོང་དཔོན་ནས་ད་བར་ས་གནས་རྫོང་ནས་བོད་རིགས་མཐུན་ཚོགས་ལ་མཐུན་འགྱུར་རོགས་རམ་གང་ཡོང་ཞུས་ཡོད་ལ་མ་འོངས་པར་སྔར་ལས་ལྷག་པའི་རོགས་རམ་ཞུ་རྒྱུཡིན་སྐོར་དང་མངའ་སྡེའི་དཔེ་མཛོད་ཁང་གི་འགན་འཛིན་ནས་སྤྱི་ལོ་ ༢༠༡༩ ཙམ་ནས་ལས་གཞི་འདི་དབུས་འཛུགས་ཞུས་ཀྱང་སྐབས་ཤིག་རིང་ནད་ཡམས་རྐྱེན་པས་མཇུག་སྐྱོང་གནང་ཐུབ་མེད་སྐོར་གསུངས།
ཡང་ཁོང་གིས་སྤྱི་ལོ་ ༢༠༢༢ ལོའི་ནང་མངའ་སྡེའི་དཔེ་མཛོད་ཁང་གི་བོད་རིགས་ལས་བྱེད་ཆེད་མངགས་རྒྱ་གར་ནང་དཔེ་དེབ་མཁོ་བསྒྲུབ་སླད་ཆེད་གཏོང་ཞུས་ཏེ་བོད་ཡིག་དཔེ་དེབ་མི་འདྲ་བ་སྟོང་ཕྲག་གཅིག་གི་སྒྲིག་གཤོམ་བྱ་འཆར་ཡོད་པས་ད་ལྟ་བར་དཔེ་དེབ་བརྒྱད་བརྒྱ་ལྷག་ཉོ་སྒྲུབ་བྱས་ཟིན་པ་དང་མ་འོངས་པར་བོད་པའི་ངོས་ནས་དཔེ་དེབ་ལྟ་ཀློག་བྱེད་མཁན་མང་པོ་བྱུང་ན་བལ་ཡུལ་དུ་མི་སྣ་ཆེད་གཏོང་གི་བོད་ཡིག་དཔེ་དེབ་གང་མང་མཁོ་སྒྲུབ་བྱ་ཡིན་སྐོར་གསུངས་གནང་ཡོད་འདུག དཔེ་དེབ་ནང་རྒན་བྱིས་བར་གསུམ་ལ་མཁོ་བའི་དཔེ་དེབ་སྒྲིགས་གཤོམས་གནང་ཡོད་འདུག