ཨོ་གླིང་ནང་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོས་སྡོད་ཁང་འཚོལ་སྟངས།

ཨོ་སི་ཊོ་ལི་ཡ་ནི་ཕྱི་རྒྱལ་གྱི་སློབ་ཕྲུག་ཡོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད། ཡིན་ན་ཡང་ད་ལྟའི་ཆར་ཕྱི་རྒྱལ་ནས་ཡོང་བའི་སློབ་ཕྲུག་ཚོས་སྡོད་ཁང་འཚོལ་རྒྱུ་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད།

What accommodation is available to students.jpg
བདུན་ཕྲག་འདིའི་ལེ་ཚན་ནང་སློབ་ཕྲུག་ཚོས་སྡོད་ཁང་འཚོལ་སྟངས་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།

ཐོག་མར་ཁྱེད་རང་གིས་སྡོད་ཁང་ཞིག་མ་འཚོལ་གོང་ལ་ཁྱེད་རང་ས་གནས་གང་དུ་སློབ་སྦྱོང་བྱ་རྒྱུ་ཡིན་མིན་དང་། ཁྱེད་ཀྱི་འགྲོ་སོང་གི་ཚད་གཞི། དེ་བཞིན་ཁྱེད་རང་འཚོ་བ་སྐྱེལ་ས་ས་གནས་གང་དུ་ཡག་བ་ཡོད་མེད་ཐག་གཅོད་བྱེད་དགོས་པ་ཡིན།

ཝོ་ཐའེ་ཁེ་ཝ་ཇེན་སི་ཁེ་ Wojtek Wawrzynski ལགས་ནི་ཨོ་སི་ཊོ་ལི་ཡར་སློབ་གཉེར་ཞེས་པའི་ཚོགས་པ་དེའི་འགན་འཛིན་དང་ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་སྐོར་འཆར་འགོད་རོགས་རམ་སྐོར་ཆེད་མཁས་པ་ཞིག་རེད།

ཁོང་གི་ཕྱི་རྒྱལ་གྱི་སློབ་མ་ཚོས་ཨོ་སི་ཊོ་ལི་ཡའི་ནང་ཟླ་བ་འགར་ཆེད་ལས་སློབ་སྦྱོང་སྐབས་ཁོང་ཚོ་དང་འཚམ་པའི་སྡོད་གནས་ཤིག་འཚོལ་སྟངས་བདམ་གའི་སྐོར་འགྲེལ་བརྗོད་གནང་དོན།

ང་ཚོས་སློབ་ཕྲུག་རྣམས་ལ་སྡོད་གནས་ཀྱི་བདམ་ག་གཅིག་ནི་ཨོ་སི་ཊོ་ལི་ཡའི་ནང་ཁྱིམ་ཚང་དེ་འདྲ་དང་མཉམ་དུ་སྡོད་རྒྱུ་རེད་རེད། ཁོང་ཚོ་དང་མཉམ་དུ་ཞལ་ལག་དང་དེ་བཞིན་ཉལ་ཁང་གཅིག་ཡོད་པ་དེ་འདྲ་རེད། དེའི་བརྒྱུད་ནས་སློབ་ཕྲུག་ཚོས་ཨོ་སི་ཊོ་ལི་ཡའི་ཡུལ་སྲོལ་གོམས་གཤིས་སྐོར་ཉམས་མྱོངས་གསོག་རྒྱུ་དང་།  སློབ་ཕྲུག་ཁག་ཅིག་ལོ་ན་ཆུང་ཆུང་ཡིན་པས་སོ་སོ་གཅིག་པུ་འཚོ་བ་རོལ་རྒྱུའི་ཉམས་མྱོངས་ཡོད་མ་རེད། ཁྱིམ་ཚང་དང་མཉམ་དུ་སྡོད་ན་བདུན་ཕྲག་རེ་རེར་ཨོ་སྒོར་ ༣༥༠ ཙམ་རེད་ཅེས་གསུངས་འདུག

གཞན་དག་ནི་ཚོང་ལས་ཁང་དེ་ཚོས་སློབ་ཕྲུག་གི་ཆེད་དུ་སྡོད་ཁང་བརྒྱབ་པ་དེ་འདྲ་ཡོད་རེད། དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོག་བརྩེགས་ཁང་དེ་ཚོ་ཚོང་ལས་ཁང་དེ་ཚོས་དོ་དམ་དང་གློག་རིན་ཆུ་རིན་དང་ཉམས་གསོ་སོགས་ཀྱི་ཆེད་འགྲོ་སོང་ཁག་ཁང་གླའི་ནང་ཚུད་ཡོད་པ་རེད།

རྒྱུན་དུ་ཁྱེད་རང་གིས་གཙུག་ལག་སློབ་གཉེར་ཁང་དང་། མཐོ་སློབ། སྤྱི་བསྐྱོད་འགྲིམ་འགྲུལ་གྱི་ལྟེ་གནས་ཁག་ལ་སློབ་ཕྲུག་སྡོད་ས་ཐོག་བརྩེགས་ཁང་དེ་འདྲ་མཐོང་རྒྱུ་ཡོད།

འཐབ་ཇུས་ཐོག་ནས་བདམས་པའི་ས་གནས་དེ་དག་གིས་ཤེས་ཡོན་སློབ་གསོའི་ལྟེ་གནས་ཁང་ཁག་ལ་འགྲོ་བསྐྱོད་སྟབས་བདེ་བཟོས་ཡོད་པ་དང་། སློབ་མ་ཚོ་སློབ་སྦྱོང་གི་དུས་སྐབས་སུ་འགྲོ་བསྐྱོད་དཀའ་ངལ་ཆུང་དུ་གཏོང་བཞིན་ཡོད།

ཁོང་གིས་སྡོད་ཁང་དེ་ཚོ་བཀོད་སྒྲིག་ཡག་པོ་ཡོད་པ་དང་། ང་ཚོར་ལས་ཁ་ཚགས་ཚུད་བྱེད་མཁན་ཚོང་ལས་ཁང་དེ་ཚོ་ཡོད་པ་རེད། ཁོང་ཚོ་འགན་ལེན་ཆ་ཚང་ཡོད་པ་དང་སྡོད་ཁང་དང་ཐོག་བརྩེགས་ཁང་དེ་ཚོའི་ནང་མི་གྲངས་མང་དྲག་པོའི་དཀའ་ངལ་དེ་འདྲ་རེད། ཉལ་ཁང་གཉིས་ཅན་ལ་བདུན་ཕྲག་རེར་ཁང་གླ་ཨོ་སྒོར་ ༣༥༠ ཙམ་དང་། སྡོད་ཁང་གཅིག་ཅན་ལ་བདུན་ཕྲག་རེར་ཨོ་སྒོར་ ༢༨༠ ནས་ ༣༠༠ བར་ཙམ་རེད། སྡོད་ཁང་མང་ཆེ་བར་ཉལ་ཁང་ ༣ དང་ ༤ ཅན་དེ་འདྲ་རེད། ཐོག་བརྩེགས་ཅན་དེ་ཚོ་མང་ཆེ་བ་གྲོང་ཁྱེར་དང་ཐག་ཉེ་པོ་ཡོད་པ་རེད་ཅེས་གསུངས་འདུག

དཔེར་ན་དྲ་ཚིགས་ UniLodge དང་ Campus Living Villages དེ་བཞིན་ Student Housing Australia སོགས་ནི་སློབ་ཕྲུག་རྣམས་ལ་སྡོད་ཁང་འཚོལ་རོགས་ཆེད་དུ་བཟོས་པ་ཞིག་རེད།

མ་ཚད་ཁྱེད་རང་གིས་ཨོ་སི་ཊོ་ལི་ཡ་སློབ་གཉེར་ Australia Study ཞེས་པའི་སློབ་ཕྲུག་རོགས་རམ་ངོ་ཚབ་ལས་ཁུངས་དེའི་བརྒྱུད་ནས་ཀྱང་སྡོད་ཁང་སྙན་ཞུ་འབུལ་ཆོག

སྡོད་གནས་གཏན་འཁེལ་བྱུང་རྗེས་སློབ་ཕྲུག་ཚོས་སོ་སོའི་འགྲོ་སོང་གྲོན་ཆུང་ཆེད་གཞན་དང་ཁང་པ་དང་ཁང་གླ་སོགས་མཉམ་སྤྱོད་བྱེད་མཁན་དེ་འདྲ་ཡང་ཡོད།

མཉམ་སྡོད་བྱེད་ས་ཁང་པ་དེ་ཚོ་ཧ་ཅང་ཆེན་པོ་ཡོད་པ་རེད། སློབ་ཕྲུག་དེ་ཚོས་དུས་རྒྱུན་ Flatmates.com.au དྲ་ཚིགས་དེ་ནས་ཁང་པ་འཚོལ་གྱི་ཡོད་པ་རེད། དེ་ཚོ་ནས་ཁང་པ་ཡག་པོ་དེ་འདྲ་རག་གི་རེད། མི་མང་པོ་ཞིག་དྲ་ཚིགས་དེའི་ཐོག་ལ་འགྲོ་ནས་ཁང་བདག་དང་ཐུག་པས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། ཁང་གླ་ག་ཚོད་ཡིན་མིན་ལབ་ཁག་པོ་རེད་གཙོ་བོར་ས་ཆའི་གནས་བབས་དང་དུས་ཚོད་ལ་རག་ལས་ཡོད་པ་རེད་ཅེས་བརྗོད་འདུག

མ་ཚད་དུས་རྒྱུན་ དྲ་ཚིགས་དང་ད་དུང་ flatmatefinders.com.au གཞན་ཡང་ Gumtree ད་སོགས་ནས་ཀྱང་ཁང་པ་མཉམ་སྡོད་བྱེད་མཁན་འཚོལ་ས་ཡིན།

སིཌ་ནིང་ནང་གནས་སྡོད་དང་དེ་རུ་སློབ་སྦྱོང་བྱེད་མཁན་ཨ་མེ་ནུལ་ཨི་སི་ལམ་རུ་བྷལ་ Aminul Islam Wrubel ལགས་ནི་བྷང་ལ་དྷེ་ཤི་ནས་རེད། ད་ལྟའི་ཆར་སློབ་ཕྲུག་རྣམས་ལ་སྡོད་ཁང་གི་དཀའ་ངལ་འཕྲད་མུས་ཡིན་སྟབས། ཁོང་གི་ངོ་དེབ་ཐོག་ཚོགས་པ་ཞིག་བཟོས་ནས་སློབ་ཕྲུག་རྣམས་ལ་སྡོད་ཁང་འཚོལ་རོགས་བྱེད་བཞིན་ཡོད།

ཁོང་ཚོར་ལུང་པ་གསར་པ་ཞིག་ལ་སླེབས་དུས་ངོ་ཤེས་པ་སུ་གང་ཡང་ཡོད་མ་རེད། དང་པོ་ཁོང་ཚོས་ལས་ཀ་འཚོལ་དགོས་པས་མ་ཚད། ད་དུང་སྡོད་ས་ཞིག་ཀྱང་འཚོལ་དགོས་ཀྱི་ཡོད་པ་རེད། ང་ལ་འབྲེལ་འདྲེས་བྱེད་ས་རྒྱ་ཆེན་པོ་ཡོད་པས་དེ་ནས་སློབ་ཕྲུག་གསར་པ་རྣམས་ལ་སྡོད་ས་འཚོལ་རོགས་བྱེད་ཀྱི་ཡོད། མི་སྒེར་ཁང་གླ་གཏོང་མཁན་ངོ་ཤེས་པ་མང་པོ་ཡོད་ལ། སློབ་ཕྲུག་སྡོད་ཁང་འཚོལ་མཁན་དེ་འདྲ་ཡང་མང་པོ་ཡོད་པས་ཁོང་ཚོ་དབར་འབྲེལ་གཏུགས་བྱེད་ཀྱི་ཡོད། ངས་ལས་ཀ་གང་ཡག་ཡག་བྱེད་ཀྱི་ཡོད། ང་ནི་ཁོང་ཚོའི་དབར་གྱི་མི་ཞིག་ཆགས་ཡོད་ཅེས་གསུངས་འདུག

འབྲེལ་གཏུགས་དེའི་བརྒྱུད་ནས་ཨ་མེ་ནུལ་ Aminul ལགས་ཀྱིས་སློབ་ཕྲུག་དང་ཁང་བདག་དབར་འབྲེལ་མཐུད་བྱེད་ཀྱི་ཡོད། ཁོང་གིས་ཁང་བདག་མང་པོ་ཞིག་ལ་ཁང་པ་གླ་མཁན་སློབ་ཕྲུག་འཚོལ་རོགས་ཀྱིས་ཁང་བདག་དེ་ཚོ་དགའ་པོ་ཡོང་གི་ཡོད་པ་རེད། ཁང་བདག་དེ་ཚོ་ལ་དཀའ་ངལ་དང་རྙོག་དྲ་གང་ཡང་མེད་པ་བྱེད་ཀྱི་ཡོད།

ཁོང་གི་སློབ་ཕྲུག་ཚོ་དུས་རྒྱུན་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་དེ་ཚོའི་ངོ་དེབ་ཚོགས་པ་དང་སྤྱི་ཚོགས་བརྒྱུད་ལམ་གྱི་ཚོགས་པ་ག་རེ་ཡོད་ན་དེ་ཚོའི་ནང་འཛུལ་རྒྱུ་གལ་ཆེན་པོ་རེད། དེ་ཚོའི་ནང་ཚོགས་མི་སྟོང་ཕྲག་མང་པོ་ཡོད་པ་རེད། མཚམས་རེར་དཀའ་ངལ་འཕྲད་དུས་སློབ་གྲོགས་དེ་འདྲ་རོགས་རམ་བྱེད་རོགས་ལབ་ཆོག དེ་ནི་སྟབས་བདེ་ཤོས་ཤིག་རེད། ཟླ་བ་ཁ་ཤས་སྔོན་སློབ་ཕྲུག་ཁ་ཤས་ལ་སྡོད་ཁང་མ་རག་པའི་དཀའ་ངལ་འཕྲད་བཞིན་འདུག ཁོང་ཚོ་ལའང་རོགས་རམ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཕྱི་རྒྱལ་ནས་སླེབས་པའི་སློབ་ཕྲུག་དེ་ཚོ་ལ་དཀའ་ངལ་ཆེ་ཤོས་ཤིག་ནི་སྐད་ཡག་པོ་མ་ཤེས་པ་དེ་རེད། ཁོང་ཚོ་སོ་སོའི་ལུང་པའི་སྐད་ནང་རོགས་རམ་བྱེད་མཁན་ཡང་མཚམས་རེར་ཁག་པོ་ཆགས་ཀྱི་ཡོད།

ཁོང་གིས་སློབ་ཕྲུག་གསར་པ་སུ་ཞིག་གཙུག་ལག་སློབ་གཉེར་ཁང་དེ་འདྲའི་ནང་སླེབས་དུས་དེར་སྦྱར་ཡིག་སྦྱར་ས་ཡོད་པས་སོ་སོའི་ལུང་པའི་སྐད་ཡིག་ཐོག་ནས་ང་འདིར་གསར་པ་སླེབས་པ་ཡིན། ང་ལ་རོགས་རམ་དགོས་ཀྱི་འདུག་ཅེས་འབྲི་དགོས་པ་རེད། ཁྱེད་རང་གི་སྐད་ཡིག་ཤེས་མཁན་དེ་ཚོས་མཐོང་སྐབས་ཁྱེད་རང་ལ་དཀའ་ངལ་ག་རེ་ཡོད་མེད་ཁོང་ཚོས་བརྩད་གཅོད་བྱེད་ཀྱི་རེད། ཁྱེད་རང་གི་ལུང་པ་གཅིག་པ་ཡིན་པའི་མི་དེ་ཚོས་ཁྱེད་ཚོ་རང་ཉིད་ཀྱི་སྐད་ཡིག་ཀློག་ཐུབ་ཀྱི་ཡོད་པ་དང་སོ་སོའི་ལུང་པའི་མི་ཞིག་ལ་རོགས་རམ་བྱ་རྒྱུ་དེ་ལས་འགན་ཞིག་ཀྱང་ཆགས་ཡོད་པ་རེད་ཅེས་གསུངས་འདུག

མཚམས་རེར་སློབ་གཉེར་བྱེད་ས་དང་གཙུག་ལག་སློབ་གཉེར་ཁང་དེ་ཚོར་སློབ་ཕྲུག་གནས་སྡོད་བྱེད་ས་ཁང་པ་དང་སློབ་གཉེར་ཁང་དེ་འདྲ་ཡོད་པ་རེད། གཙུག་ལག་སློབ་གཉེར་ཁང་རང་ལ་ཡོད་པའི་སྡོད་ཁང་དེ་ཚོ་སློབ་ཕྲུག་ཚོ་ལ་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད།

སློབ་དཔོན་སཱ་ལའེ་ཝེ་ལར་ Sally Wheeler ལགས་ནི་མེལ་བྷོན་ནང་ཡོད་པའི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་སློབ་གཙོ་གཞོན་པ་རེད། ཁོ་མོས་གཙུག་ལག་སློབ་གཉེར་ཁང་དེ་ཚོས་སློབ་ཕྲུག་སྡོད་ཁང་དགོས་པས་མ་ཚད་ལྷག་པར་དུ་དེ་སྔོན་ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་བྱེད་མྱོངས་མེད་མཁན་དེ་ཚོ་ལ་སྡོད་ཁང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་བསམས་ཚུལ་ཤུགས་ཆེ་བཏོན་འདུག

ཁོ་མོས་ངའི་བསམས་པར་སུ་ཞིག་དེ་སྔོན་ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་བྱེད་མྱོངས་མེད་མཁན་དེ་ཚོ་ལ་གཙུག་ལག་སློབ་གཉེར་ཁང་རང་ནས་གནས་སྡོད་བྱེད་ས་ངེས་པར་དུ་དགོས་ཀྱི་འདུག དེ་འདྲ་བྱུང་ན་མི་གསར་པ་མང་པོ་ཞིག་ཐུག་པ་ངོ་ཤེས་པར་ཕན་ཐོགས་ཆེན་པོ་ཡོད་རེད། མ་ཚད་ཁོར་ཡུག་གསར་པ་ཞིག་གི་ནང་སོ་སོ་རང་ཉིད་གོམ་འདྲིས་བྱེད་པར་ཕན་ཐོགས་ཡོད་རེད། མ་ཚད་དེའི་ཐོག་ནས་ཨོ་སི་ཊོ་ལི་ཡའི་ནང་འཚོ་བ་ཞིག་སྐྱེལ་བར་འགྱུར་ལྡོག་ཡོང་གི་རེད་ཅེས་གསུངས་འདུག

ཟས་སྡོད་ཆ་ཚང་ཡོད་པའི་མཐོ་སློབ་དེ་འདྲར་སྒེར་གྱི་སྡོད་ཁང་དང་མཉམ་དུ་ཞལ་ལག་དང་། ད་དུང་ཐུན་མོང་གི་རོལ་རྩེད་རྩེ་ས། ད་དུང་ཆེད་ལས་སློབ་སྦྱོང་ལ་རོགས་རམ་བྱེད་མཁན་སོགས་མཐུན་རྐྱེན་ཚང་མ་སློབ་གླིང་ནང་ཡོད་པ་རེད།

སློབ་དཔོན་ཝེ་ལར་མཆོག་གིས་མཐུན་རྐྱེན་དེའི་སྐོར་འགྲེལ་བརྗོད་གནང་དོན། གཙུག་ལག་སློབ་གཉེར་ཁང་མང་ཆེ་བར་སློབ་གཉེར་བ་གནས་སྡོད་བྱེད་ས་ཁག་ཅིག་དང་གཉིས་དེ་འདྲ་ཡོད་པ་རེད། དེ་བཞིན་གཙུག་ལག་སློབ་གཉེར་ཁང་དང་མཉམ་དུ་རྩེད་རིགས་དང་འབྲེལ་བའི་མཐུན་རྐྱེན་བསྐྲུན་པ་དེ་འདྲ་ཡང་ཡོད། ཁག་ཅིག་ཆོས་ལུགས་གཞིར་བཞག་ནས་ཟས་སྡོད་ཆ་ཚང་མཐུན་རྐྱེན་ཡོད་པ་དེ་འདྲ་ཡོད། གཞན་འདོད་མོས་སྣ་ཚོགས་ཀྱི་ཐོག་ནས་མཐུན་རྐྱེན་བསྐྲུན་པ་དེ་འདྲ་ཡོད། གཙུག་ལག་སློབ་གཉེར་ཁང་གི་སྡོད་ཁང་དེ་ཚོ་ཁྱེད་རང་ལ་མཐུན་རྐྱེན་གང་འདྲ་དགོས་མིན་བདམ་ག་སྤྲད་ཀྱི་ཡོད། དཔེར་ན་ཟས་སྡོད་ཆ་ཚང་ཡོད་པ་དང་ཡང་མཐུན་རྐྱེན་སྣེ་ཁ་གཅིག་ལས་མེད་པ་དེ་འདྲ་ཡང་ཡོད་པ་རེད་ཅེས་གསུངས་འདུག

གཙུག་ལག་སློབ་གཉེར་ཁང་གི་སྡོད་ཁང་དེ་ཚོ་བདུན་ཕྲག་རེར་ཨོ་སྒོར་ ༧༠༠ མན་ཙམ་རེད། འོན་ཀྱང་དེའི་ནང་ཞབས་ཞུ་དང་མཐུན་རྐྱེན་མང་པོ་ཞིག་ཚུད་ཡོད།

གལ་སྲིད་ཁྱེད་རང་ལ་རང་མོས་ཀྱི་འཚོ་བ་དང་མཐུན་རྐྱེན་དེ་ལས་མང་བ་དགོས་ཚེ་གཙུག་ལག་སློབ་གཉེར་ཁང་གི་སྡོད་གནས་དེ་ཚོ་ནས་བདམ་ག་དེ་ལས་མང་བ་ཡོད་པ་རེད། གཙུག་ལག་སློབ་གཉེར་ཁང་གི་དོ་དམ་བྱེད་བཞིན་པའི་སྡོད་ཁང་དེ་ཚོ་བདམ་ག་དེ་གཉིས་ཀ་ཡོད་པ་ཡིན།

སློབ་དཔོན་ཝེ་ལར་ལགས་ཀྱིས་གཙུག་ལག་སློབ་གཉེར་ཁང་ཚང་མར་གནས་བབས་མ་འདྲ་བ་ཡོད་པ་དང་།སློབ་གཉེར་ཁང་ཁ་ཤས་ཀྱིས་ཁྱེད་རང་སློབ་གཉེར་ཁང་དེར་སློབ་སྦྱོང་བྱ་རྒྱུར་མོས་མཐུན་བྱས་པ་དང་མཉམ་དུ་སྡོད་གནས་ཀྱང་མཐུན་རྐྱེན་སྦྱར་གྱི་ཡོད། ཁག་ཅིག་ལ་སྡོད་ཁང་གི་སྙན་ཞུ་ལོགས་སུ་འབུལ་དགོས་ཀྱི་ཡོད། དཔེར་ན་ཁྱེད་རང་སློབ་ཞུགས་ཕྱི་ཟླ་ ༡ པོའི་ནང་ཡིན་ཡང་སྡོད་ཁང་གི་སྙན་ཞུ་ཕྱི་ཟླ་ ༡༡ དང་ ༡༢ དེ་འདྲ་ནས་འབུལ་རྒྱུ་འགོ་འཛུགས་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཡང་མཐོ་སློབ་ཁ་ཤས་ཀྱིས་སོ་སོའི་མཐོ་སློབ་ལ་ཡོད་པའི་སྡོད་ཁང་དང་། ད་དུང་ཕྱི་ལོགས་སུ་ཡོད་པའི་སྡོད་ཁང་དེ་འདྲའི་ཐོ་གཞུང་ཡིག་ཚགས་ཡོད་པ་རེད། སྡོད་ཁང་དེ་ཚོ་ད་ལྟ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་དང་ད་དུང་སློབ་སྦྱོང་བྱ་རྒྱུའི་འཆར་གཞི་ཡོད་པའི་སློབ་ཕྲུག་ཚང་མར་ཐོབ་ཐང་ཡོད་པ་ཡིན།

Share

Published

Updated

Source: SBS

Share this with family and friends