སི་ཀོ་ཊི་མ་རེ་སོན་མཆོག་གིས་འགྲིམས་འགྲུལ་དམ་བསྒྲགས་ཚད་གཞི་དང་ཁུན་སི་ལན་ཌིའི་རྒྱལ་ས་ཏོག་དབྱིབས་ནད་ཡམས་ཛ་དྲག་སྐོར་གསལ་བསྒྲགས།

ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མ་རེ་སོན་མཆོག་གིས་དབྱིན་ཡུལ་ནས་འགོས་ཁྱབ་མྱུར་ཚད་ཆེ་བའི་ཏོག་དབྱིབས་ནད་ཡམས་གསར་པ་དེ་སྔོན་འགོག་ཆེད། སྲུང་སྐྱོབ་སྔ་ལས་ཚད་མཐོ་རུ་གཏང་རྒྱུ་ཡིན་སྐོར་གསུངས་འདུག

National Cabinet will meet again.

Source: AAP

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བློན་ཆེན་ལྷན་ཚོགས་ནས་དབྱིན་ཡུལ་ནས་ཁྱབ་བཞིན་པའི་མྱུར་ཚད་ཆེ་བའི་ཏོག་དབྱིབས་ནད་ཡམས་གསར་པ་དེ་སྔོན་འགོག་གདོང་ལེན་ཆེད། རྒྱལ་སྤྱི་དང་རྒྱལ་ནང་གི་འགྲིམ་འགྲུལ་ཐད་འཆར་གཞི་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཐག་གཅོད་བྱས་ཡོད་འདུག

དེ་བཞིན་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིའི་རྒྱལ་ས་བྷེ་རེ་སི་བྷན་ Brisbane ནང་གཙང་བཟོ་བྱེད་མཁན་ཞིག་ལ་བརྟག་དཔྱད་རྗེས་ཏོག་དབྱིབས་ནད་ཡམས་གསར་པ་འགོས་ཡོད་པ་ཤེས་རྟོགས་བྱུང་བས། གྲོང་ཁྱེར་དེ་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཡིན་པའི་ངོས་འཛིན་དང་དུས་ཡུན་ཉིན་གསུམ་རིང་བཀག་བསྡོམས་བྱས་ཡོད།

སྒྲིག་གཞི་འགྱུར་བ་དེའི་ནང་གནམ་ཐོག་ནས་ཨོ་སི་ཊོ་ལི་ཡར་ཡོང་མཁན་རྣམས་སྔོན་ལ་ངེས་པར་དུ་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་དགོས་པ་དང་ན་ཚ་འགོས་མེད་པའི་གསལ་རྟོགས་བྱུང་ཚེ་གཞི་ནས་ཡོང་བཅུག་རྒྱུ་དང་། དེ་ཡང་ཨོ་སི་ཊོ་ལི་ཡར་ཕྱིར་ལོག་བྱེད་མཁན་གྱི་གྲངས་འབོར་ཡང་ཉུང་དུ་བཏང་ཡོད་འདུག

དེ་བཞིན་དབྱིན་ཡུལ་ནས་ཡོང་མཁན་འགྲུལ་པ་རྣམས་ཕྱིར་ཨོ་སི་ཊོ་ལི་ཡར་མ་ཡོང་གོང་འགོས་ཁྱབ་མྱུར་ཚད་ཆེ་བའི་ཏོག་དབྱིབས་ནད་ཡམས་གསར་པ་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པ་རེད།

རྒྱལ་སྤྱི་དང་རྒྱལ་ནང་གནམ་ཐོག་འགྲུལ་བཞུད་བྱེད་མཁན་(བྱིས་པ་ལོ་ན་ ༡༢ མན་ཕུད་) དེ་མིན་ཚང་མས་འགན་འཁུར་ཡོད་པའི་ཐོག་ནས་ཁ་རས་གྱོན་དགོས་ཀྱི་ཡོད་པ་དང་། དེ་བཞིན་ཕྱི་རྒྱལ་གྱི་གནམ་ཐང་ཁག་གི་ནང་ལའང་ཁ་རས་གྱོན་དགོས་པའི་ཆ་རྐྱེན་བཟོས་ཡོད་འདུག
སི་ཀོ་ཊི་མ་རེ་སོན་མཆོག་གིས། ཏོག་དབྱིབས་ན་ཚ་འདིས་མུ་མཐུད་སོ་སོ་རང་ཉིད་ཀྱི་སྒྲིག་གཞི་རང་ཉིད་ཀྱིས་འབྲི་བཞིན་ཡོད་པ་རེད། དེའི་གོ་དོན་ནི་ང་ཚོས་ངེས་པར་དུ་མུ་མཐུད་དེ་ལ་འཐབ་རྩོད་གང་འདྲ་བྱ་རྒྱུ་ཡིན་མིན་དེ་རེད་ཅེས་གསུངས་འདུག

ཏོག་དབྱིབས་ནད་ཡམས་ཀྱི་ཉེན་ཁ་ཆུང་བའི་ལུང་པ་དེ་དག་ནས། དུས་ཚིགས་དང་བསྟུན་ནས་ལས་ཀ་ཡོང་མཁན་རྣམས་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་མི་དགོས་པར་དམིགས་བསལ་གུ་ཡངས་ཡོད་འདུག 

ཕྱི་ཟླ་ ༢ པ་བར་རྒྱལ་སྤྱི་ནས་འགྲུལ་པ་ཡོང་ཚད་ཉུང་དུ་བཏང་ཡོད་འདུག

དེ་ཡང་རྒྱལ་སྤྱི་ནས་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ནེའུ་སོ་ཐི་ཝལ་དང་། ནུབ་ཕྱོགས་མངའ་སྡེ། དེ་བཞིན་ཁུན་སི་ལན་ཌི་བཅས་ལ་ཕྱིར་ལོག་བྱེད་མཁན་གྱི་འགྲུལ་པ་བརྒྱ་ཆ་ ༥༠ ཙམ་ཉུང་དུ་བཏང་ཡོད་འདུག

སྒྲིག་གཞི་གསར་པ་དེའི་འོག་ནེའུ་སོ་ཐི་ཝལ་མངའ་སྡེར་བདུན་ཕྲག་རེར་ཕྱིར་ལོག་བྱེད་མཁནའགྲུལ་པ་མི་གྲངས་ ༡༥༠༥ ཉུང་དུ་ཕྱིན་ཡོད་པས་མ་ཚད། དེ་བཞིན་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེར་བདུན་ཕྲག་རེར་འགྲུལ་པ་མི་གྲངས་ ༥༡༢ རེར་ཉུང་དུ་ཕྱིན་པ། གཞན་ཡང་ཁུན་སི་ལན་ཌི་མངའ་སྡེར་བདུན་ཕྲག་རེར་འགྲུལ་པ་མི་གྲངས་ ༥༠༠ རེར་ཉུང་དུ་ཕྱིན་ཡོད་པ་རེད། 



ཝི་ཊོ་རི་ཡ་མངའ་སྡེ་ཡང་མུ་མཐུད་ནས་བདུན་ཕྲག་རེར་འགྲུལ་པ་ཡོང་མཁན་མི་གྲངས་ཚད་གཞི་ ༤༩༠ ཡིན་པས། གྲངས་ཚད་འདི་ནི་དེ་སྔོན་ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཐེངས་གཉིས་པ་ཁྱབ་རྗེས་ཉུང་འཕྲི་བྱས་པ་དེ་ཆགས་ཡོད། 

རྒྱལ་ཡོངས་བློན་ཆེན་ལྷན་ཚོགས་ནས་ཕྱི་ཟླ་ ༢ ཚེས་ ༡༥ བར་འགྲུལ་པ་ཉུང་འཕྲི་བྱ་རྒྱུའི་གཏན་འབེབས་འདི་ནི། ཉེ་ཆར་རེས་གཟའ་པ་སངས་ཉིན་མངའ་སྡེ་དང་ས་ཁུལ་ཁག་གི་འགོ་ཁྲིད་རྣམས་ཚོགས་འདུ་སྐབས་གཏན་འབེབས་བྱས་པ་ཆགས་ཡོད། 

སྲིད་བློན་སི་ཀོ་ཊི་མ་རེ་སོན་མཆོག་གིས་རྒྱལ་ཁབ་གཞན་པའི་ནང་ཨོ་སི་ཊོ་ལི་ཡའི་མི་སེར་ཐོ་འགོད་བྱས་ཡོད་པའི་བརྒྱ་ཆ་ ༨༠ ནི་ད་ལྟའི་ཆར་ཏོག་དབྱབིས་ནད་ཡམས་གསར་པ་ཁྱབ་སའི་རྒྱལ་ཁབ་དེ་དག་ཆགས་ཡོད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་འགན་འཛིན་པལ་ཁེ་ལེ་ Paul Kelly མཆོག་གིས་འགོས་ཁྱབ་མྱུར་བའི་ཏོག་དབྱིབས་ནད་ཡམས་གསར་པ་འདིར་ཁ་གཏད་གཅོག་རྒྱུ་ཁག་པོ་དང་ཉེན་ཚབས་ཅན་ཞིག་ཡིན་པ་དང་། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་ཨོ་སི་ཊོ་ལི་ཡའི་མི་རྣམས་བདེ་འཇགས་ཡོང་ཐབས་ཡིན་ཞིང་། ཉེན་ཁ་དེ་མི་བྱེ་དྲག་པ་གཅིག་གི་གནད་དོན་མིན་པར་ཚང་མར་འབྲེལ་ནས་ཡོད་པ་ཞིག་རེད། རྒྱུ་མཚན་གཙོ་བོ་དེ་རྗེས་མར་གཏང་འཛིན་བྱ་རྒྱུ་དཀའ་ངལ་ཁག་པོ་ཆགས་སྲིད་པ་དེ་རེད་ཅེས་གསུངས་འདུག

ཟུར་བཀག་གི་ལས་བྱེད་ཚང་མ་ཉིན་ལྟར་བརྟག་དཔྱད་བྱེད་དགོས་ཀྱི་ཡོད།

རྒྱལ་སྤྱི་ནས་གནམ་ཐོག་ཏུ་ཡོང་མཁན་འགྲུལ་པ་ཚང་མ་འབྱོར་མ་ཐག་དང་ཡང་ན་བདུན་ཕྲག་རེའི་ནང་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པས་མ་ཚད། འཕུར་བསྐྱོད་གཉིས་བར་ནས་ཟུར་བཀག་དུ་སྡོད་དགོས་ཀྱི་ཡོད་པ་རེད། 

ད་ལྟའི་ཆར་ཁྱོན་མི་གྲངས་ ༣༨༠༠༠ ཙམ་གྱིས་ཕྱི་སྲིད་ལྷན་ཁང་དང་ཚོང་ལས་ངོ་ཚབ་བཅས་ལ་ཐོ་འགོད་བྱས་ནས་རྒྱལ་ཁབ་གཞན་ནས་ཨོ་སི་ཊོ་ལི་ཡར་ཡོང་རྒྱུར་སྒུག་ནས་བསྡད་ཡོད་འདུག


Share
Published 9 January 2021 12:38pm
Updated 9 January 2021 1:14pm
By Tom Stayner
Presented by Sangyal Dorjee


Share this with family and friends