ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་དངོས་སུ་དབུ་འབྱེད།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་གི་བྱང་ཕྱོགས་མཚོ་འགྲམ་ Northern Beaches ལ་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་དང་། གྲོས་ཚོགས་འཐུས་མི་ཇེམ་གྷེར་ཕིན་ James Griffin གྲོང་ཁྱེར་སྤྱི་ཁྱབ་མེ་ཤལ་རེ་གྷན་ Michael Regan ཨོ་གླིང་རྒྱལ་ཡོངས་བོད་ཀྱིི་རྐང་རྩེད་སྤོ་ལོ་རུ་ཁག་གི་རུ་དཔོན་འཇིགས་མེད་སོགས་དང་། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་དང་མི་མང་བཅས་མཉམ་ཞུགས་ཀྱིས་ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།

The-Tibetan-Community-of-Australia-Football-Team.jpg
སྐབས་དེར་སྐུ་མགྲོན་རྣམས་ཀྱིས་ཨོ་གླིང་རྒྱལ་ཡོངས་རྐང་རྩེད་སྤོ་རུ་ཁག་འདིའི་གལ་གནད་དང་ལམ་སྟོན་གསུང་བཤད་གནང་བས་མ་ཟད། ལྷག་པར་སྐུ་ཚབ་དོན་གཅོད་མཆོག་ནས་རྐང་རྩེད་སྤོ་ལོ་རུ་ཁག་འདི་དངོས་སུ་དབུ་འབྱེད་ཐུབ་པར་འཚམས་འདྲི་སྨོན་འདུན་དང་། ཚང་མས་རྒྱབ་སྐྱོར་ལ་བརྟེན་ནས་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོ་འགྲན་བསྡུར་ནང་དངོས་སུ་ཞུགས་རྒྱུའི་རྨི་ལམ་མངོན་འགྱུར་བྱུང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་པ་རེད།

ཨོ་གླིང་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་འདི་དེ་སྔོན་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པའི་ཐོག རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོ་རྩེད་འགྲན་ལ་ཨོ་སི་ཊོ་ལི་ཡའི་ནས་རྐང་རྩེད་སྤོ་ལོ་རུ་ཁག་ཅིག་འགྲོ་ཐུབ་པ་དགོས་ཀྱི་འདུག་ཅེས་གྲོས་ཆོད་གཞིར་བཟུང་གསར་འཛུགས་བྱས་པ་ཞིག་ཆགས་ཡོད།

ཨོ་གླིང་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གི་རྩེད་འགྲན་པ་རྣམས་དེ་སྔོན་ཨོ་གླིང་རྒྱལ་ཡོངས་བོད་མིའི་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་སྐབས་ཐོག་མར་རྩེད་འགྲན་པ་ ༣༢ འདེམས་སྒྲུབ་དང་། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ནང་རྩེད་འགྲན་པའི་གྲངས་ཚད་ལྟར་མི་གྲངས་ ༣༢ ནང་ནས་སླར་ཡང་རྩེད་འགྲན་པ་ ༡༦ དྲག་འདེམས་བྱས་པ་ཞིག་ཆགས་ཡོད་པ་རེད།

ཨོ་གླིང་རྒྱལ་ཡོངས་བོད་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་འདི་ལོར་ཕྱི་ཟླ་ ༦ པའི་ནང་རྡ་རམ་ས་ལར་འཚོག་འཆར་ཡོད་པའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོ་འགྲན་བསྡུར་ལ་ཐེངས་དང་པོར་མཉམ་ཞུགས་བྱ་རྒྱུ་ཡིན་པ་རེད།

ཨོ་སི་ཊོ་ལི་ཡའི་ནང་བོད་མི་ན་གཞོན་རྐང་རྩེད་སྤོ་ལོ་བ་གྲགས་ཅན་ཞི་བ་འདུད་ཀྱང་རུ་ཁག་འདིའི་ནང་མཉམ་ཞུགས་བྱས་ཡོད་ཅིང་། ཁོང་ཉིད་དེ་སྔོན་ཨོ་གླིང་རྒྱལ་ཁབ་ཀྱི་ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་ནང་འདེམས་ཐོན་གྱིས་ཉི་ཧོང་དུ་ཚོགས་པའི་རྒྱལ་སྤྱིའི་ན་གཞོན་རྐང་རྩེད་སྤོ་ལོ་འགྲན་བསྡུར་ནང་མཉམ་ཞུགས་བྱས་ཡོད་པ་རེད།

Share

Published

Updated

By Sangyal Dorjee
Source: SBS

Share this with family and friends