ཨོ་སི་ཊོ་ལི་ཡའི་ནང་ཁང་གླ་རྒྱུ་འཚོལ་སྟངས།

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཁང་པ་གླ་རྒྱུ་གྲངས་ ༥༠,༠༠༠ ཙམ་ཡོད་ཅིང་། ལོ་གཉིས་གོང་ལོ་གྲངས་ཚད་དེ་ལས་རྡབ་གཉིས་ཡོད་ཟིན་གྱི་ཡོད། ད་ལྟའི་ཁང་གླའི་གོང་ཚད་ནི་ལོ་རྒྱུས་ནང་མཐོ་ཤོས་སུ་སླེབས་ཡོད་པ་དང་། ཁང་པ་ཞིག་གླ་རྒྱུ་ནི་དཀའ་ལས་ཁག་ཤོས་གྱི་ལས་དོན་ཞིག་ཆགས་ཡོད།

How to find a rental property in Australia.jpg
ལེ་ཚན་འདིའི་ནང་ཁང་པ་འཚོལ་སྟངས་དང་ཁང་པ་རག་ཐབས་གང་འདྲ་བྱེད་དགོས་མིན་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།

ཨོ་སི་ཊོ་ལི་ཡའི་ནང་ཁང་པ་ཞིག་འཚོལ་སྐབས་ལས་ཀ་འཚོལ་སྐབས་བཅར་འདྲི་བྱེད་བཞིན་པ་ལྟར་དཀའ་ལས་ཁག་ཤོས་ཀྱི་ལས་དོན་ཞིག་ཡིན།

ཨོ་སི་ཊོ་ལི་ཡའི་ཁང་གླ་བོག་གཏོང་གྱི་ལས་དོན་གཉེར་མཁན་ཚོང་ལས་ཁང་ཆེ་ཤོས་ rent.com.au ཞེས་པའི་ཚོང་ལས་ཁང་དེའི་སྤྱི་ཁྱབ་འགན་འཛིན་གྷེར་བྷ་ཌར་ Greg Bader ལགས་ཀྱིས་ལམ་སྟོན་དང་། ཁོང་གིས་ཁང་པ་ཞིག་འཚོལ་རྒྱུ་ནི་དཀའ་ངལ་ཁག་པོ་ཡིན་སྐོར་གསུངས་འདུག

ཁོང་གིས་ཁང་གླ་བོགས་གཏོང་བྱེད་མཁན་གྱི་ཚོང་ལས་ཁང་ཁག་ཅིག་གིས་ལོ་ན་གཞོན་གཞོན་དེ་འདྲ་ཁང་གླ་གཏོང་གི་མེད་པ་དང་། ནང་མི་དེ་འདྲ་འདོད་མོས་ཆེ་བ་བྱེད་ཀྱི་ཡོད། འོན་ཀྱང་ལུང་པ་གཞན་ནས་གསར་དུ་འབྱོར་མཁན་དེ་ཚོ་ལ་དཀའ་ངལ་འཕར་མ་འཕྲད་བཞིན་ཡོད།

 ཁང་གླ་བོགས་གཏོང་ཚོང་ལས་ཁང་དེ་ཚོས་སྤྱིར་བཏང་ཡོངས་འབབ་དང་ལས་ཀ་དཔངས་རྟགས་སོགས་དགོས་འདུན་འདོན་གྱི་ཡོད་ཀྱང་གཙོ་བོར་ཁོང་ཚོས་ཁང་གླས་ལོ་རྒྱུས་ལ་བལྟ་ཡི་ཡོད་པ་རེད། ཁྱེད་རང་ས་གནས་དེར་གསར་དུ་འབྱོར་མཁན་ཞིག་ཡིན་ཚེ་དེ་སྔོན་ཁང་པ་གླས་པའི་ལོ་རྒྱུས་ཡིག་ཆ་མེད་སྟབས། དེས་དཀའ་ངལ་འཕར་མ་ཞིག་འཕྲད་བཞིན་ཡོད་པ་རེད་ཅེས་གསུངས་འདུག

དུས་རྒྱུན་ཁང་པ་བོགས་གཏོང་བྱེད་མཁན་ཚོས་ཐོག་མར་ལོ་གཅིག་གི་རིང་ཁང་པ་བོགས་གཏོང་དང་དེ་ནས་དུས་ཡུན་ཡར་སྤར་ཆོག་གི་ཡོད་པ་རེད།

དུས་རྒྱུན་ཁང་པ་བོགས་གཏོང་དེ་ཚོ་དཔེར་ན་ realestate.com.au དང་ domain.com.au ད་དུང་ rent.com.au སོགས་ཀྱི་དྲ་ཚིགས་དེ་ཚོའི་ཐོག་ཏུ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དང་། དེ་དང་མཉམ་དུ་ཁང་པ་ག་དུས་སྟོན་གྱི་ཡོད་མེད་དང་བདུན་ཕྲག་རེར་ཁང་གླ་ག་ཚོད་ཡིན་མིན་སོགས་བཀོད་ཡོད།

སེམས་ལ་ངེས་དགོས་པ་ཞིག་ལ་ཁང་པ་བལྟ་བར་འགྲོ་སྐབས་སྟོན་པའི་དུས་ཡུན་ནི་སྐར་མ་ ༡༠ ནས་ ༡༥ བར་ཡིན་ཞིང་། དུས་རྒྱུན་ལས་གཟའ་མཇུག་ཏུ་ཁང་པ་བལྟ་མཁན་འཚང་ཁ་ཆེ་བ་ཡོད་པ་རེད།

སྐུ་ཞབས་བྷ་ཌར་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་ཁང་པ་བོགས་གཏོང་དང་ཚོང་གཉེར་ལས་ཁང་ ༨༠༠,༠༠༠ ཙམ་ཡོད་ཅིང་། ཚོང་ལས་ཁང་སོ་སོར་སྙན་ཞུ་འབུལ་བའི་བརྒྱུད་རིམ་མ་འདྲ་བ་ཡོད་པ་རེད་ཅེས་གསུངས་འདུག

ལུང་པ་འདིའི་ནང་ཁང་པ་བོགས་གཏོང་ཐད་གཅིག་གྱུར་གྱི་ཁྲིམས་དང་སྒྲིག་གཞི་དེ་འདྲ་ཡོད་མ་རེད། ཡིན་ནའང་སྤྱིར་སྟངས་འགྲོ་ལུགས་ལྟར་བྱས་ན་ཁྱེད་རང་གི་ངོ་སྤྲོད་ལག་འཁྱེར་དང་། ཐོངས་ཆེན་ཡིག་ཆ། རླངས་འཁོར་གཏོང་ཆོག་པའི་ལག་འཁྱེར་སོགས་དགོས་ཀྱི་ཡོད། མ་ཚད་ལས་ཀ་དང་ཡོང་འབབ། དངུལ་ཁང་གི་ཁ་བྱང་ནང་སྒོར་མ་ཡོད་པ། ད་དུས་དེ་སྔོན་གྱི་ཁང་བདག་གི་ངོས་སྦྱོར་ཡི་གེ་དེ་དང་ཁང་པ་གླས་པའི་ལོ་རྒྱུས་ཡིག་ཆ། སྤྱོད་ལམ་ངོས་སྦྱོར་སོགས་དུས་རྒྱུན་དེ་ཚོ་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

ཚོང་ལས་ཁང་དེ་ཚོས་སྙན་ཞུའི་ཡིག་ཆ་དེ་ཚོ་ཚང་མ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། གལ་ཆེ་ཤོས་ནི་ཁྱེད་རང་གི་ཡིག་ཆ་དེ་ཚོ་ཚང་མ་གྲ་སྒྲིག་དགོས་ཀྱི་ཡོད་པ་རེད།

གལ་སྲིད་ཁྱེད་རང་ལ་དེ་སྔོན་ཁང་པ་གླས་པའི་ལོ་རྒྱུས་ཡིག་ཆ་དེ་འདྲ་མེད་ཚེ། བདམ་ག་གཞན་ཞིག་ནི་ཚོང་ལས་ཁང་གིས་བསམ་གཞིག་བྱ་རྒྱུ་དེ་རེད།

ནེ་ཁེ་ Nick ལགས་ནི་མེལ་སྦོན་ནས་ཡིན་ཞིང་ཚོང་པ་དང་ཚོང་ལས་ཁང་ཆུང་ཆུང་ཞིག་གི་བདག་པོ་རེད། ཁོང་གི་ས་གནས་སུ་ཁང་པ་བོགས་གཏོང་ཚོང་ལས་ཁང་ལ་གློག་འཕྲོན་བཏང་ནས་ངོ་སྤྲོད་དང་ཁོང་གི་གནས་སྟངས་འགྲེལ་བརྗོད་བྱེད་བྱས།

ཁོང་གིས་ལོ་ངོ་ ༢༠ ཙམ་རིང་ཁང་པ་བདག་པོ་བྱས་ནས་དེའི་རྗེས་ལ་ཁང་པ་གླ་རྒྱུའི་ཚོང་ར་ནང་ཞུགས་སྐབས་དེ་ནི་ཧ་ཅང་དཀའ་ལས་ཁག་པོ་ཞིག་རེད་འདུག གང་ཡིན་ཟེར་ན་ང་ལ་དེ་སྔོན་ཁང་པ་བོགས་གཏོང་ཚོང་ལས་ཁང་ནས་ཁང་པ་གླག་མྱངས་ཡོད་པའི་ངོ་སྤྲོད་ཡིག་ཆ་དང་ཁང་པ་གླ་མྱོངས་ཡོད་པའི་ལོ་རྒྱུས་སོགས་ཚོང་ལས་ཁང་ལ་དགོས་པའི་ཡིག་ཆ་དེ་འདྲ་གང་ཡང་ཡོད་མ་རེད།

ངས་ཁོང་ཚོར་ངའི་དཔལ་འབྱོར་གྱི་གནས་བབས་ངོ་སྤྲོད་དང་དུས་ཡུན་རིང་པོ་ཞིག་གིས་རྗེས་ནས་ང་རང་ཁ་པ་ཞིག་གླ་དགོས་པའི་གནས་སྟངས་སོགས་ཆ་ཚང་ངོ་སྤྲོད་བྱས་པ་ཡིན་ཞེས་གསུངས་འདུག

ནེ་ཁེ་ Nick ལགས་ནི་ཁོང་རང་ཉིད་ཀྱི་ཚོང་ལས་གཉེར་མཁན་ཞིག་ཡིན་པས་དཔྱ་ཁྲལ་ག་ཚོད་ཕུལ་ཡོད་མེད་དེ་ནི་ཁོང་གི་ཡོང་འབབ་ཀྱི་དཔངས་རྟགས་ཆགས་ཀྱི་ཡོད།

སྐུ་ཞབས་བྷ་ཌར་ལགས་ཀྱིས་མཚམས་རེར་ཁང་པ་བོགས་གཏོང་གི་ཚོང་ལས་ཁང་གི་ལས་ཁུངས་ནང་ཁ་ཐུག་འགྲོ་ན་ཁང་པ་རག་པར་གོ་སྐབས་མང་བ་ཡོད་སྐོར་གསུངས་འདུག

ངས་མཚམས་རེར་མི་རྣམས་ལ་གལ་སྲིད་ཁྱེད་རང་ཁང་པ་དེ་ངེས་པར་རག་དགོས་ཡོད་ཚེ་ས་གནས་ཀྱི་ཁང་པ་བོགས་གཏོང་ཚོང་ལས་ཁང་དེར་འབྲེལ་གཏུགས་དང་ལས་ཁུངས་ནང་བསྐྱོད་ན་ཡག་བ་ཡོད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། ཁོང་ཚོ་ཁང་པ་མིག་སྟོན་སྐབས་སོ་སོ་རང་ཉིད་ངོ་སྤྲོད་བྱེད་པའི་དུས་ཚོད་དང་འབྲེལ་བ་བཟོ་རྒྱུའི་དུས་ཚོད་མེད། ལས་ཁུངས་ནང་བསྐྱོད་ནས་ལས་བྱེད་དང་སྐད་ཆ་ཤོད་པའི་གོ་སྐབས་བྱུང་ཚེ་ཁྱེད་རང་གིས་ཁང་པ་གང་འདྲ་ཞིག་བལྟ་བཞིན་ཡོད་མེད་འགྲེལ་བརྗོད་དང་། ཁྱེད་རང་གི་སྐོར་ངོ་སྤྲོད། ཁྱེད་རང་ཁང་པ་དེ་རག་རྒྱུའི་འདོད་པ་ཤུགས་ཆེ་ཡོད་སྐོར་དང་ཁོང་ཚོར་རོགས་རམ་སོགས་ཞུས་ན་གོ་སྐབས་ཆེ་བ་ཡོད་པ་རེད་ཅེས་གསུངས་འདུག

གལ་སྲིད་ཁྱེད་རང་གི་ཁང་པའི་སྙན་ཞུ་དྲ་ཐོག་ནས་ཕུལ་ཚེ། ཚོང་ལས་ཁང་དེ་ཚོས་དྲ་ཐོག་ཏུ་འབུལ་ས་བཟོས་ཡོད་པ་དང་། ལོ་རྒྱུས་དེ་མ་འོངས་པར་ཁང་པར་སྙན་ཞུ་འབུལ་སྐབས་ཀྱང་གནས་ཚུལ་ནང་རང་འཇགས་སྡོད་ཀྱི་ཡོད་པ་རེད།

སྐུ་ཞབས་བྷ་ཌར་ལགས་ཀྱིས་ཁང་པར་སྙན་ཞུ་འབུལ་མཁན་མི་གཞན་དག་ཀྱང་མང་པོ་ཡོད་སྲིད་པས་ཁྱེད་རང་གིས་དུས་ཚོད་བཏང་ནས་ཁྱེད་རང་གི་གནས་ཚུལ་ཞིབ་ཚགས་འགོད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཁྱེད་རང་ཁང་པ་དེ་རག་པར་གོ་སྐབས་མང་བ་ཡོང་བར་སྙན་ཞུ་མ་འབུལ་སྔོན་ནས་ཚོང་ལས་ཁང་གི་ལས་བྱེད་དང་སྐད་ཆ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཁོང་གིས་ཁང་པ་གླ་རྒྱུ་ནི་འགྲན་རྩོད་རང་བཞིན་གྱི་ཁོར་ཡུག་ཅིག་ཡིན་ཞིང་། ད་ལྟ་གལ་ཆེ་ཤོས་གཅིག་ནི་ཁང་པ་བལྟ་བར་འགྲོ་སྐབས་ཚོང་ལས་ཁང་གི་ལས་བྱེད་མི་སྣར་སྙན་ཞུ་གང་འདྲ་བྱེད་ནས་འབུལ་དགོས་མིན་སྐད་ཆ་འདྲི་དགོས་པ་ཡིན།

གང་ཡིན་ཟེར་ན་ཚོང་ལས་ཁང་དེ་ཚོ་སྙན་ཞུ་ལམ་ཁ་འདྲ་མིན་ནས་འབྱོར་གྱི་ཡོད། ཁ་ཤས་ཀྱི་གློག་འཕྲིན་དང་། ཁ་ཤས་ཀྱི་ཁ་པར་བརྒྱུད། ཡང་ཁ་ཤས་ཀྱི་དྲ་ཐོག་ནས་སྙན་ཞུ་འབུལ་གྱི་ཡོད།

ཚོང་ལས་ཁང་དང་སྐད་ཆ་བཤད་ནས་མ་མཐའ་ཡང་ཁྱེད་རང་ཁོང་ཚོས་བསམ་གཞིག་བྱེད་སའི་ཐོ་གཞུང་ནང་ཚུད་པ་བྱེད་དགོས་ཅེས་གསུངས་འདུག

ཚོང་ལས་ཁང་ཆུང་ཆུང་གཉེར་མཁན་ནེ་ཁེ་ Nick ལགས་ཁང་པ་རྗེས་མ་དེ་གླ་བར་དྲ་ཐོག་ནས་ཕྱིན་མེད། ཁོང་གི་ཡོང་འབབ་འགྱུར་བར་ཕྱིན་པ་དང་ནེ་ཁེ་ལགས་ཀྱིས་ཁ་ཐུག་ཁང་པ་བོགས་གཏོང་བྱེད་མཁན་གྱི་ཚོང་ལས་ཁང་དང་སྐད་ཆ་བཤད་ནས་ཁོང་ཉིད་ཁང་པ་ཆེན་པོ་ཞིག་གི་ནང་སྤོ་དགོས་དོན་འགྲེལ་བརྗོད་བྱས།

ཁང་གླ་འཚོལ་ས་དཔེར་ན་ asrent.com.au ཞེས་པའི་དྲ་ཚིགས་དེས་ཁྱེད་རང་ཁང་པ་གླ་སྐབས་ཤེས་དགོས་པའི་གནས་ཚུལ་ཆ་ཚང་མཁོ་སྤྲོད་བྱས་ཡོད་པ་དང་། དཔེར་ན་སྙན་ཞུ་འབུལ་སྟངས་དང་། ཁང་པ་གླ་སྐབས་གཏའ་དངུལ་སོགས་ཀྱི་སྐོར་ཚང་མ་འགྲེལ་བརྗོད་བྱས་ཡོད།



Share

Published

Source: SBS

Share this with family and friends