ལས་ཀ་བྱེད་སར་ཆོས་ལུགས་ཀྱི་ཐོབ་ཐང་སྲུང་སྐྱོབ་གང་འདྲ་ཡོད་དམ།

ཨོ་སི་ཁྲུ་ལི་ཡའི་ནང་ལས་ཀ་བྱེད་སར་ཆོས་ལུགས་ཀྱི་ཐོག་ནས་དབྱེ་འབྱེད་མཐོང་ཆུང་བྱེད་མི་ཆོག་པའི་ཁྲིམས་སུ་བཅས་ཡོད། ཡིན་ན་ཡང་མཚམས་རེར་ལས་མི་རྣམས་ལ་ལས་གནས་སུ་ཆོས་ལུགས་རང་དབང་དང་ཆོས་ལུགས་ཀྱི་བྱེད་སྒོ་ལག་ལེན་བྱེད་མི་ཆོག་པའི་བཀག་རྒྱ་དེ་འདྲ་ཡོང་གི་ཡོད་པ་རེད། དེ་ལྟར་བུའི་གནས་ཚུལ་འཕྲད་ཚེ་འབྲེལ་ཡོད་ཚོགས་པ་ལས་ཁུངས་དང་ཁྲིམས་ཐོག་ནས་ཞུ་གཏུགས་བྱ་རྒྱུར་བསམ་བློ་གཏོང་དགོས་པ་ཡིན། གལ་སྲིད་ཁྱེད་རང་ལས་ཀ་བྱེད་སར་ཆོས་ལུགས་ཀྱི་དབྱེ་འབྱེད་དཀའ་ངལ་འཕྲད་ཚེ་ཁྱེད་རང་ལ་བདམ་ཁ་ག་རེ་ཡོད་མེད་ཤེས་རྒྱུ་དེ་ཡང་གལ་ཆེན་པོ་ཆགས་ཡོད།

ReliRights_AusExpl_Social_1080x1350_LongLeftAligned_Blue.png
ཨོ་སི་ཁྲུ་ལི་ཡ་ནི་རྒྱལ་སྤྱིའི་སྤྱི་དམངས་ཐོབ་ཐང་དང་ཆབ་སྲིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་སྤྱི་ཆིངས་ནང་མཉམ་ཞུགས་བྱས་ཡོད་པས། སྤྱི་ཆིངས་དེའི་ཐོག་ནས་མི་སྒེར་གྱི་རང་དབང་དང་ཆོས་ལུགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་རེད། 

ཡིན་ན་ཡང་ཨོ་སི་ཁྲུ་ལི་ཡའི་ནང་ཆོས་ལུགས་དབྱེ་འབྱེད་དང་མཐོང་ཆུང་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་ཀྱི་བརྒྱུད་རིམ་འགྲོ་བཞིན་པ་ཡིན་པས། ཨོ་སི་ཁྲུ་ལི་ཡར་ཆོས་ལུགས་ཀྱི་ཐོབ་ཐང་ལག་ལེན་ཐད་གཅིག་གྱུར་གྱི་ཁྲིམས་ཤིག་གཏན་འབེབས་བྱས་ཐུབ་མེད་པ་རེད། 

ཕྱི་ལོ་ ༢༠༠༩ ལོར་གཏན་འབེབས་བྱས་པའི་ངལ་རྩོལ་བ་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ ནང་རྒྱལ་ཡོངས་སུ་གནས་ལ་ཆོས་ལུགས་གཞི་རྩར་གྱུར་པའི་མཐོང་ཆུང་དབྱེ་འབྱེད་སྲུང་སྐྱོབ་ཀྱི་ཁྲིམས་ཤིག་བཟོས་ཡོད་ཀྱང་དེའི་ཁྱབ་ཚད་ནི་ཚད་བཀག་ཅན་ཞིག་ཡིན། 

ཁཱ་རེ་ནཱ་ཨོ་ཁོ་ཊལ་ Karina Okotel ལགས་ནི་རྒྱལ་ས་ཁེམ་བྷེ་རར་བརྟེན་གཞི་བྱས་པའི་རྒྱལ་ཡོངས་སྤྱི་ཚོགས་ཁྲིམས་དོན་ལྟེ་གནས་ National Community Legal Centre ནང་ཆོས་ལུགས་མཐོང་ཆུང་གི་ཁྲིམས་དོན་ཞབས་ཞུ་སྐོར་ཁྲིམས་རྩོད་པ་གཙོ་བོ་ཞིག་རེད། ཁོ་མོས་གལ་སྲིད་ཆོས་ལུགས་དབྱེ་འབྱེད་དང་མཐོང་ཆུང་གི་དཀའ་ངལ་འཕྲད་ཀྱི་ཡོད་ཚེ་གོམ་པ་དང་པོ་དེ་ངལ་རྩོལ་བའི་དྲང་བདེན་ལྷན་ཁང་བརྒྱུད་ཁྱེད་རང་གི་གནས་དོན་དེ་ཁྲིམས་གཏུག་བྱ་རྒྱུར་ཆ་རྐྱེན་ཚང་གི་ཡོད་མེད་བལྟ་དགོས་པ་རེད་ཅེས་གསུངས་འདུག 

ཁོ་མོས་གལ་སྲིད་མི་སུ་ཞིག་ལ་ལས་ཀ་བྱེད་སར་ཆོས་ལུགས་དབྱེ་འབྱེད་དང་ཡང་ནང་མཐོང་ཆུང་གི་དཀའ་ངལ་འཕྲད་ཀྱི་ཡོད་ཚེ་གལ་ཆེ་ཤོས་དེ་ངལ་རྩོལ་དྲང་བདེན་ལྷན་ཁང་ལ་འབྲེལ་བ་བྱེད་དགོས་པ་རེད། ཁོང་ཚོས་ལས་བཟོ་དྲང་བདེན་ཁྲིམས་ལུགས་ཐོག་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ལས་གཞན་ཁྲིམས་ལུགས་གང་གི་འོག་ནས་ཁ་གསལ་ཞིག་མེད། གང་ཡིན་ཟེར་ན་ད་ལྟའི་ཆར་ཆོས་ལུགས་དབྱེ་འབྱེད་དང་མཐོང་ཆུང་གི་ཁྲིམས་ཤིག་བཟོས་ཐུབ་མེད་ཅེས་གསུངས་འདུག 

ངལ་རྩོལ་དྲང་བདེན་ཁྲིམས་ལུགས་ནང་སྦྱིན་བདག་ཚོས་ལས་མིའི་ཆོས་ལུགས་མ་འདྲ་བར་བརྟེན་ནས་མཐོང་ཆུང་དབྱེ་འབྱེད་བྱེད་ཆོག་གི་མེད་པ་རེད། ད་དུང་ལས་མི་བསྡུའི་བཅར་འདྲི་སྐབས་མི་དེའི་ཆོས་ལུགས་ལ་བརྟེན་ནས་ལས་མི་མ་བསྡུ་བ་སོགས་བྱེད་ཆོག་གི་མེད་པ་རེད། ལས་མི་ཕན་ཚུན་དབར་ཆོས་ལུགས་དབྱེ་འབྱེད་ཀྱི་རིགས་བཅའ་ཁྲིམས་དེའི་ནང་ཚུད་ཀྱི་མེད།

ཡང་དབུས་གཞུང་གི་རིམ་པའི་ནང་ཞུ་གཏུགས་ལ་ཆོས་ལུགས་དབྱེ་འབྱེད་ནི་ཨོ་སི་ཁྲུ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནས་དོན་ཞིག་ཀྱང་ཆགས་ཀྱི་ཡོད།

ངལ་རྩོལ་དྲང་བདེན་ལྷན་ཚོགས་ཀྱིས་ཕྱོགས་གཉིས་དབར་འབྲེལ་ཡོད་ཀྱི་གནད་དོན་ཐོག་གྲོས་བསྡུར་གྱིས་ཐག་གཅོད་བྱེད་རྒྱུ་དང་། འབྲེལ་ཡོད་ཕྱོགས་ཁག་དབར་གྲོས་མཐུན་ཡོང་ཐབས་བྱ་རྒྱུ། ཁྲིམས་ཐོག་ནས་བཙན་སྐུལ་མི་དགོས་པའི་ལམ་སྟོན་ཁོ་ན་བྱེད་ཀྱི་ཡོད་པ་རེད། 

ལྕམ་ཨོ་ཁོ་ཊལ་ Ms Okotel ལགས་ཀྱིས་གལ་སྲིད་དེ་ཆོས་ལུགས་དབྱེ་འབྱེད་དང་མཐོང་ཆུང་གི་དཀའ་ངལ་འཕྲད་ཀྱི་ཡོད་ཚེ་ད་དུང་ལས་བཟོ་དྲང་བདེན་ལྷན་ཁང་ལ་ཞུ་གཏུགས་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག 

ཁོ་མོས་ཕྱོགས་གཉིས་ཀས་གནད་དོན་ཐག་གཅོད་ཀྱི་མཇུག་འབྲས་ངེས་ཅན་ཞིག་ལ་མོས་མཐུན་བྱས་ན་མ་གཏོགས། ལས་དོན་ལྷན་ཁང་བརྒྱུད་ནས་ཐག་གཅོད་བྱེད་མི་ཐུབ། སྐབས་རེར་སྦྱིན་བདག་ཚོས་སོ་སོའི་མཚན་སྙན་ལ་གནོད་སྐྱོན་འབྱུང་བའམ། ཡང་ན། གསར་འགྱུར་བརྒྱུད་ལམ་ཁག་ཏུ་རང་ཉིད་ཀྱི་མིང་ཤོར་རྒྱུ་ཡིན་པའི་སེམས་ཁྲལ་བྱེད་བཞིན་ཡོད་པས། ཁོ་ཚོས་ལས་མི་དང་མཉམ་དུ་གཉིས་མོས་ཐག་གཅོད་བྱེད་འདོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག 

མངའ་སྡེ་དང་ས་ཁུལ་རིམ་པའི་ནང་ནས་ཆོས་ལུགས་དད་མོས་ཀྱི་ཐོག་ནས་དབྱེ་འབྱེད་འགོག་པའི་ཁྲིམས་ལུགས་ཡོད་ཀྱང་། ཁྱོད་རང་གང་དུ་གནས་པའི་ཡུལ་ལུང་གི་གནས་སྟངས་ལ་བརྟེན་ནས་སྲུང་སྐྱོབ་ཀྱི་ཚད་གཞི་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་རེད། 

ཁྲིམས་དེ་དག་གིས་ཆོས་ལུགས་ཀྱི་ཐོག་ནས་དབྱེ་འབྱེད་བྱེད་མི་ཆོག་པར་དམིགས་སུ་བཀར་ནས་བཀག་སྡོམ་བྱས་ཡོད་པས། ལས་མི་ཚོས་ས་གནས་ཀྱི་དབྱེ་འབྱེད་འགོག་སྲུང་བྱེད་མཁན་ཚོགས་པ་ལ་ཞུ་གཏུགས་བྱེད་ཆོག 

དཔེར་ན་གལ་སྲིད་ཝི་ཊོ་རི་ཡའི་ནང་གི་དཀའ་ངལ་དེ་འདྲ་ཞིག་འཕྲད་ན་ཝི་ཊོ་རི་ཡའི་ནང་ཡོད་པའི་ཝི་ཊོ་རི་ཡ་གོ་སྐབས་འདྲ་མཉམ་ Victorian Equal Opportunity ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ Human Rights Commission སོགས་ལ་ཞུ་གཏུགས་བྱེད་ཆོག 

ལྷན་ཁང་གི་ཁྲིམས་དོན་འགན་འཛིན་ཨཱ་མེ་ཀོ་ཕར་ Aimee Cooper ལགས་ཀྱིས་ལས་གནས་སུ་ཆོས་ལུགས་དབྱེ་འབྱེད་ཀྱི་གནས་སྟངས་ཤུགས་ཆེར་ཡོང་གི་ཡོད་པ་དང་། སྐབས་རེར་ཆོས་ལུགས་ཀྱི་ཆས་གོས་དང་། སྨོན་ལམ། ཆོས་ལུགས་ཀྱི་བསླབ་ཁྲིམས་སོགས་ཀྱི་ཐོག་ནས་ཆོས་ལུགས་ཀྱི་དད་པ་དང་ཉམས་ལེན་བྱེད་རྒྱུའི་རང་དབང་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་རེད་ཅེས་གསུངས་འདུག 

ཁོང་ཚོའི་ཚོགས་པར་དུས་རྒྱུན་འབྱོར་བཞིན་པའི་གནས་ཚུལ་ཁག་ཅིག་དཔེར་མཚོན་དྲང་དོན། 

ཇིའུ་བུད་མེད་ཅིག་གིས་ཁོ་མོའི་ལས་ཀ་བྱེད་སར་གཟའ་སྤེན་པ་ལས་ཀར་ཡོང་ཐུབ་ཀྱི་མི་འདུག་ཤཱ་བྷ་ཊི་ Shabbat (ཇིའུ་ཆོས་ལུགས་ཀྱི་ངལ་གསོའི་ཉིན་མོ་) སྲུང་བརྩི་བྱེད་དགོས་ཞེས་བཤད་དུས་ལས་ཀ་བྱེད་སར་དཀའ་ངལ་འཕྲད་སྐོར་དང་། ཡང་སིག་ཆོས་ལུགས་ཀྱི་མི་ཞིག་ཁོ་རང་དབོར་འདྲེན་རླངས་འཁོར་གྱི་ཁ་ལོའི་ལས་ཀ་རག་དུས་དགའ་ཚོར་ཆེན་པོ་བྱུང་ཡང་ཁོ་རང་ལས་ཀ་ཉིན་དང་པོར་ཁོ་རང་གི་ལས་ཀའི་འགན་འཛིན་གྱིས་མགོ་རས་ཕུད་དགོས་སྐོར་དང་ཁོང་ཚོ་དེ་ལ་དགའ་མོས་མེད་པའི་རྣམ་འགྱུར་བསྟན་ནས་དཀའ་ངལ་འཕྲད་པ། ཡང་ཁ་ཆེའི་བུད་མེད་ཅིག་ཉིན་རེར་སྨོན་ལམ་འདེབས་རྒྱུའི་དུས་ཚོད་ཐུང་ཐུང་ཞིག་ལ་ཁོ་མོའི་ལས་རོགས་ཚོས་རོགས་རམ་མི་བྱེད་པར་ཁོང་མོར་ངལ་གསོ་རྒྱག་པར་འགྲོ་བཞིན་ཡོད་པའི་ཟུར་ཟ་བྱེད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་ཁོང་ཚོའི་ལྷན་ཁང་ལ་གནས་ཚུལ་ཞུ་མཁན་མང་པོ་ཞིག་འདུག་ཅེས་འགྲེལ་བརྗོད་གནང་འདུག 

ལས་ཀ་བྱེད་སར་མཐོང་ཆུང་གི་གནད་དོན་མངའ་སྡེ་དང་ས་ཁུལ་སོ་སོའི་ཁྲིམས་ལུགས་ཐོག་ནས་བཀག་འགོག་ཡོད་པ་དང་། ཞུ་སྦྱོར་བ་དེས་ཁྲིམས་ཐོག་ནས་གནད་དོན་དེ་མུ་མཐུད་རྩད་གཅོད་བྱས་ཏེ་གནད་དོན་ཁུངས་སྐྱེལ་ར་སྤྲོད་བྱུང་ཚེ་འབྲེལ་ཡོད་ས་གནས་ཁྲིམས་ཁང་ནས་ཐག་གཅོད་བྱེད་ཆོག་པ་ཡིན།

མཐོང་ཆུང་དང་དབྱེ་འབྱེད་འགོག་རྒོལ་བྱེད་མཁན་དཔེར་ན་ཝི་ཊོ་རི་ཡ་གོ་སྐབས་འདྲ་མཉམ་ Victorian Equal Opportunity ཞེས་པའི་ཚོགས་པ་དང་། ཝི་ཊོ་རི་ཡ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ Human Rights Commission སོགས་ལ་གནས་ཚུལ་ཞུ་གཏུགས་རོགས་རམ་ཞུས་ཚེ་སྒོར་མོ་སྤྲད་མི་དགོས་པ་ཞབས་ཞུ་རིན་མེད་ཡིན། 

ལྕམ་ཀོ་པར་ Ms Cooper ལགས་ཀྱིས་དང་བླངས་བར་འདུམ་གྱི་བརྒྱུད་རིམ་འདིའི་ནང་། སྦྱིན་བདག་དང་ལས་མི་གཉིས་ཀར་ཕན་ཚུན་གཉིས་མོས་ཀྱི་མཇུག་འབྲས་ཤིག་འཐོབ་ཐབས་སུ་རོགས་རམ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

དེ་ནི་ཕན་ཚུན་དགོངས་སེལ་ཞུ་བའམ་སྲིད་ཇུས་དང་ལག་ལེན་ལ་འགྱུར་བ་གཏོང་བ། ལས་བྱེད་པར་སྦྱོང་བརྡར་སྤྲོད་རྒྱུའི་ཁས་ལེན་བྱེད་རྒྱུ། ལས་གནས་བསྐྱར་གསོ་བྱེད་པ། དངུལ་གྱི་གུན་གསབ་བྱེད་པ། ལས་མི་རྣམས་ལ་ཐོབ་ཐུབ་པའི་གྲུབ་འབྲས་ཀྱི་རིགས་ལ་ཚད་བཀག་མེད། གང་ཡིན་ཞེ་ན། དེ་ནི་ཕྱོགས་གཉིས་ཀས་མོས་མཐུན་བྱེད་རྒྱུ་དེ་རེད་ཅེས་གསུངས་འདུག 

ཡང་མཚམས་རེར་ཁྲིམས་ལུགས་ཀྱིས་དམིགས་བསལ་ཡང་བཟོ་སྲིད་པ་རེད། དེ་ནི་གནས་སྟངས་འགའ་ཤས་ཀྱི་ནང་དུ་ཆོས་ལུགས་ཀྱི་རྒྱུ་མཚན་ཚུད་པའི་ལས་ཀའི་ཁོར་ཡུག་ནང་དབྱེ་འབྱེད་བྱེད་པར་ཁྲིམས་འགལ་མིན་པའི་གནད་དོན་དེ་འདྲ་ཡང་ཡོང་གི་ཡོད་པ་རེད།

Share
Published 6 June 2024 7:31pm
Source: SBS

Share this with family and friends