༧གོང་ས་མཆོག་ནས་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་བ།

ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༡༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཕོ་བྲང་ནང་ཨོ་སི་ཊོ་ལི་ཡ་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་བཞིས་གཙོས་པའི་སྐུ་ཚབ་ཚོགས་ཆུང་ལ་དུས་ཡུན་ཆུ་ཚོད་ ༡ དང་ ཕྱེད་ཀ་ཙམ་གྱི་རིང་མཇལ་འཕྲད་དང་བཀའ་སློབ་གནང་ཡོད་འདུག

H.H Dalai Lama and Four Member Delegation of Australian Parliamentarians visited Dharamshala.jpg
དེ་རིང་གི་མཇལ་འཕྲད་དེའི་ནང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ལྕམ་སྐུ་ཤཱ་རོན་ Sharon Claydon མཆོག་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇེ་ནེ་ཊི་རའེ་སི་ Janet Rice ལགས། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སོ་ཧྥེ་ཨན་ན་ Sophie Anna ལགས། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སུ་སན་རཱ་ཡེ་ Susan Raye ལགས་བཅས་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས། ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ Australia Tibet Council ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཌོ་ཊར་ཛོ་ཝེ་ Dr. Zoe Bedford ལགས་བཅས་མཉམ་དུ་མཇལ་ཁ་ཞུས་འདུག

མཇལ་འཕྲད་སྐབས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རེ་རེ་བཞིན་ངོ་སྤྲོད་ཞུས་འདུག

མཇལ་ཁ་གྲུབ་རྗེས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ཇའེ་ནི་སི་རའེ་སི་མཆོག་གིས་དེ་རིང་༧གོང་ས་མཆོག་མཇལ་འཕྲད་སྐབས་སེམས་ཚོར་ཆེན་པོས་མིག་ཆུ་ཁེངས་སོང་། ང་ཚོས་བོད་དོན་ཐོག་ལས་ཀ་ཞིག་བྱེད་བཞིན་པ་དེས་༧གོང་ས་མཆོག་དང་བོད་མི་ཡོངས་ལ་རེ་བ་ཞིག་བསྐྲུན་བཞིན་འདུག དེ་རིང་ང་ཚོས་༧གོང་ས་མཆོག་དང་ལྷན་དུ་རྒྱ་ནག་གི་ཆབ་སྲིད་སྐོར་ལ་བཀའ་མོལ་ཞུས་པ་ཡིན། ཁོང་གིས་བོད་མི་ཚོའི་སྙིང་སྟོབས་ནི་རྒྱ་ནག་དམར་ཤོག་ཚོགས་པ་ལས་སྟོབས་ཤུགས་ཆེ་བ་ཡོད་སྐོར་བཀའ་གནང་སོང་ཅེས་འགྲེལ་བརྗོད་གནང་།

ཡང་ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཁང་གི་འགན་འཛིན་ཌོ་ཊར་ཛོ་ཝེ་ Dr. Zoe ལགས་ཀྱིས་དེ་རིང་༧གོང་ས་མཆོག་ནས་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་གཏོང་བཞིན་པར་ཐུགས་འཚབ་ཡོད་སྐོར་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་བཀའ་སློབ་གནང་སོང་ཅེས་འགྲེལ་བརྗོད་གནང་སོང་།

ཡང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་གིས་དེ་རིང་ང་ཚོ་ཨོ་སི་ཊོ་ལི་ཡ་ནས་ཕེབས་པའི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། བོད་ཀྱི་ཆོས་དང་རིག་གཞུང་གལ་ཆེན་ཡིན་པ། ཨོ་སི་ཊོ་ལི་ཡའི་ནང་བོད་མི་གང་འཚམ་མང་པོ་ཡོད་དུས་བོད་མི་གཞོན་སྐྱེས་ཚོ་ལ་བོད་ཀྱི་ཆོས་དང་རིག་གཞུང་དང་། སྐད་ཡིག་ངོ་སྤྲོད་ཐད་ལ་རྒྱབ་སྐྱོར་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ། དེ་བཞིན་གྲོས་ཚོགས་འཐུས་མི་ཚོས་བོད་ཀྱི་གནས་སྟངས་སྐོར་བཀའ་འདྲི་ཞུས་སྐབས་༧གོང་ས་མཆོག་ནས་གལ་སྲིད་རྣམ་པ་ཚོས་བོད་ནང་ལ་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་ཕེབས་ཐུབ་པའི་གནས་སྟངས་ཡོད་ན་བོད་ནང་ལ་ཕེབས་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་གནང་སོང་ཞེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་གྲོས་ཚོགས་འཐུས་མི་རྣམས་ཁ་སང་རྡ་རམ་ས་ལའི་ཉེ་འགྲམ་གྷལ་གྷལ་གནམ་ཐང་དུ་འབྱོར་སྐབས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སུ་སན་རཱ་ཡེ་ Susan Raye ལགས་ཀྱིས་ཐེངས་འདིར་ང་ཚོ་རྡ་རམ་ས་ལར་ཡོང་ནས་གཙོ་བོ་བོད་མི་རྣམས་ཀྱི་གནས་སྟངས་ལ་རྟོགས་ཞིབ་བྱ་རྒྱུ་དང་། འདིར་ཡོད་པའི་བོད་མི་དང་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་མི། དེ་བཞིན་བོད་ནང་གི་བོད་མིའི་ཚོའི་ཚོར་བ་གང་འདྲ་ཡོད་མེད་ཉན་རྒྱུ་དེ་ཡིན། གཙོ་བོར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མི་ཚོའི་གནས་སྟངས་སྐོར་རྒྱུས་མངའ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག

དེ་རིང་མཇལ་ཁ་སྐབས་གྲོས་ཚོགས་འཐུས་མི་ཚོས་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་ཀྱི་སེམས་ཅན་དང་། ཨོ་སི་ཊོ་ལི་ཡའི་གླིང་ཆེན་ཁོ་ནར་ཡོད་པའི་ཐུན་མོངས་མ་ཡིན་པའི་བྱ་ཨེ་མུ་ Emu གྱི་རི་མོ་ཞིག་འབུལ་ལམ་ཞུས་འདུག

ཐེངས་འདིའི་སྐུ་ཚབ་ཚོགས་ཆུང་དེས་ཉིན་གྲངས་ ༤ ཡི་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། བཞུགས་སྒར་ཉེ་འགྲམ་དུ་ཡོད་པའི་བོད་མིའི་སློབ་གྲྭ་ཁག་ཅིག གཞན་ཡང་བོད་ཀྱི་རིག་གཞུང་གི་ལྟེ་གནས་ཁག་སོགས་ལ་གཟིགས་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་སོགས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག

Share

Published

Updated

By Sangyal Dorjee
Source: SBS

Share this with family and friends