ཨོ་གླིང་གིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་དང་ཚོང་ལས་ཀྱི་འབྲེལ་ལམ་ཡར་རྒྱས་གཏང་འཆར།

དེ་རིང་ཕྱི་ཚེས་ ༩ ཉིན་ཨོ་སི་ཊོ་ལིས་གྲོས་ཚོགས་ནང་ཕྱི་ལོ་ ༢༠༢༣ ལོའི་དངུལ་རྩིས་གཏན་འབེབས་གནང་བཞིན་པའི་ནང་། ཤར་ཏིར་མུར་ East Timor དང་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་ཕྱི་འབྲེལ་དང་ཚོང་ལས་ཡར་རྒྱས་ཆེད་ལོ་རེར་ཨོ་སྒོར་ས་ཡ་ ༡༡་༩ གཏང་རྒྱུ་དང་མ་འོངས་ལོ་ ༤ ཡི་རིང་ཁྱོན་ཨོ་སྒོར་ས་ཡ་ ༥༥་༧ གཏང་རྒྱུ་ཡིན་སྐོར་བརྗོད་འདུག

thumbnail_Treasurer Jim Chalmers delivers the 2023 Budget (AAP).jpg
དེ་ཡང་མ་དངུལ་དེའི་དམིགས་ཡུལ་ནི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་ཕྱི་འབྲེལ་དང་དཔལ་འབྱོར་གྱི་འབྲེལ་ལམ་དམ་ཟབ་གཏང་རྒྱུ་དང་ཆབས་ཅིག ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཕན་ཚུན་འཚམས་གཟིགས་འགྲོ་འོངས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ། ད་དུང་ལུང་པ་དེ་དག་ནས་ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་གི་གོ་སྐབས་གང་མང་བསྐྲུན་ཆེད་དུ་ཡིན་སྐོར་བརྗོད་འདུག

རྒྱལ་ཁབ་ཀྱི་ཨེ་ཤ་ཡའི་ནུས་པའི་ལྟེ་གནས་<<ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཚོང་ལས་>>ལ་རོགས་སྐྱོར་མ་དངུལ་ཨོ་སྒོར་ས་ཡ་ ༡༤་༩ ད་དུང་ལོ་བཞིའི་རིང་གཏང་རྒྱུ།

ཤར་ཏིར་མུར་དང་ཕྱི་འབྲེལ་དང་ཚོང་ལས་ཡར་རྒྱས་ཆེད་མ་འོངས་ལོ་ ༤ ཡི་རིང་ཨོ་སྒོར་ས་ཡ་ ༥་༢ དང་དེ་ཡང་ལོ་རེར་ཨོ་སྒོར་ས་ཡ་ ༡་༥ རེར་གཏང་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༢༣ ལོའི་དངུལ་རྩིས་ནང་རྒྱ་གར་རྒྱ་མཚོ་དཔལ་འབྱོར་ལས་དོན་སྒྲོམ་གཞི་ Indo-Pacific Economic Framework བརྒྱུད་རྒྱ་གར་རྒྱ་མཚོ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ལ་ལག་རྩལ་རོགས་སྐྱོར་དང་ནུས་པ་གོང་མཐོར་གཏོང་ཆེད་མ་འོངས་ལོ་བཞིའི་རིང་ཨོ་སྒོར་ས་ཡ་ ༣༡་༩ གཏང་རྒྱུ།

ལས་དོན་སྒྲོམ་གཞི་དེ་ནི་རྒྱ་གར་རྒྱ་མཚོའི་མངའ་ཁུལ་དུ་གནས་པའི་རྒྱལ་ཁབ་ཚོགས་མི་ཁག་དང་མཉམ་ལས་དང་ས་ཁུལ་དེ་དག་ནང་དཔལ་འབྱོར་གྱི་གནས་བབས་ཡར་རྒྱས་གཏོང་ཆེད་ཡིན་འདུག

གཞན་ཡང་ཨོ་སི་ཊོ་ལི་ཡ་གཞུང་གིས་ཕྱི་ལོ་ ༢༠༢༣ ལོའི་དངུལ་རྩིས་ནང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཁྱིམ་མཚེས་མཚོ་གླིང་རྒྱལ་ཁབ་ཁག་ལ་ཡང་མ་འོངས་ལོ་ ༥ ཡི་རིང་ཨོ་སྒོར་ཐེར་འབུམ་ ༡་༩ མཐུན་རྐྱེན་སྦྱར་རྒྱུ་ཡིན་འདུག
 
ད་དུང་མ་འོངས་ལོ་ ༤ རིང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནས་ཨོ་སི་ཊོ་ལ་ཡའི་ངལ་རྩོལ་གྱི་ནུས་ཤུགས་གོང་སྤེལ་ཆེད་ཨོ་སྒོར་ས་ཡ་ ༣༧༠ གཏང་རྒྱུ། མ་འོངས་ལོ་ ༤ ཡི་རིང་ཨོ་སྒོར་ཐེར་འབུམ་ ༡་༤ བཏང་ནས་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་དང་། ༢༠༢༥ ལོ་བར་གྱི་ཐབས་ཇུས་ཞེས་པའི་འཆར་གཞི་འོག་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཁྱིམ་ཚང་དང་སྔོ་ལྗང་ཅན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཆེན་འཛུགས་བསྐྲུན་ཞེས་པའི་ལས་འཆར་ལ་འགྲོ་གྲོན་གཏང་རྒྱུ་ཡིན་འདུག

འགྲོ་གྲོན་ལས་འཆར་དེའི་ནང་ཨོ་སི་ཊོ་ལི་ཡའི་རྒྱལ་སྲུང་དང་བདེ་འཇགས་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་བཅས་ཚུད་ཡོད་ཅིང་། ད་དུང་ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱལ་སྲུང་གི་ཐབས་ཇུས་བསྐྱར་ཞིབ་ལ་ཕན་ཐོགས་ཡོང་ཆེད། གཞན་ཡང་ཞི་བདེ་རྒྱ་མཚོ་མངའ་ཁུལ་དུ་ཁྲིམས་འགལ་ཉེས་དོན་རྟོག་ཞིབ་ཆེད་ཨོ་སི་ཊོ་ལི་ཡ་དབུས་གཞུང་གི་ཉེན་རྟོག་པ་དང་ཞིབ་དཔྱོད་ལྷན་ཁང་དབར་མཉམ་ལས་རོགས་རམ་ཡོང་ཐབས་སོགས་ཚུད་ཡོད་འདུག

Share

Published

Source: SBS

Share this with family and friends