འཛམ་གླིང་གི་ཏོག་དབྱིབས་འགོག་ཁབ་གང་ཞིག་སྔོན་ལ་མངོན་འགྱུར་ཡོང་བར་འགྲན་བསྡུར་གྱིས་མི་རྣམས་ཧང་སང་བཅུག་ཡོད་པ་དང་། ཉེ་ཆར་དབྱིན་ཡུལ་དང་ཨ་རི་གཉིས་ཀྱིས་ Pfizer/BioNTech སྨན་རྫས་བཟོ་གྲྭས་གསར་བཟོ་བྱས་པའི་ཏོག་དབྱིབས་འགོག་ཁབ་དེ་མི་མང་ལ་རྒྱག་ཆོག་པའི་ཛ་དྲག་ཐོག་ཆོག་མཆན་སྤྲད་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་ཨ་རིའི་ནང་ Moderna Vaccine ཞེས་སྐྱེ་ལྡན་ཚན་རྩལ་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེ་བཞིན་རྒྱག་ཆོག་པའི་ཆོག་མཆན་སྤྲད་ནས་མི་མང་ལ་དངོས་སུ་འགོག་ཁབ་རྒྱག་འགོ་བཙུགས་ཡོད།
དེ་དང་ཆབས་ཅིག་ཨོ་སི་ཊོ་ལི་ཡའི་ནང་ཉེ་ཆར་ཏོག་དབྱིབས་ན་ཚ་སླར་ཡང་འཕར་ཡོང་གི་ཡོད་པའི་རྐྱེན་གྱིས། ཨོ་སི་ཊོ་ལི་ཡའི་ནང་འགོག་ཁབ་དེ་ག་དུས་འགོ་འཛུགས་ཐུབ་ཀྱི་ཡོད་མེད་ཐད་མི་རྣམས་དངངས་འཚབ་སྐྱེས་བཞིན་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ Federal སྤྱི་མཐུན་གཞུང་འཛིན་ཚོགས་པས་ཕྱི་ལོ་ ༢༠༢༡ ལོའི་ལོ་སྟོད་དུ་མི་མང་ལ་འགོག་ཁབ་ལག་བསྟར་བྱ་རྒྱུའི་འགན་ལེན་གནང་གི་ཡོད་ཀྱང་། ད་ལྟ་ང་ཚོའི་ཤེས་གསལ་དུ་ད་དུང་གཏན་འཁེལ་ཞིག་གནང་ཐུབ་མེད་པ་རེད།
ཨོ་སི་ཊོ་ལི་ཡས་ག་རེ་བྱས་ནས་འགོག་ཁབ་ཞིག་ལ་ད་དུང་ཆོག་མཆན་སྤྲད་ཐུབ་ཀྱི་མེད་པ་རེད་དམ།
ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ནད་ཡམས་དཔྱད་ཞིབ་རིག་པའི་ཆེད་མཁས་པ་ཨ་ཌེན་ཨེ་སི་ཊར་མན་ Adrian Esterman ལགས་ཀྱིས་དེ་ལ་ལན་སྟབས་བདེ་ཞིག་བརྒྱབ་པ་ཡིན་ན་"བྲེལ་བ་དགོས་མ་རེད་"ཟེར་བ་དེ་རེད་ཅེས་གསུངས་འདུག
ཁོང་གིས་གལ་ཆེ་ཤོས་དྲན་སོས་དགོས་པ་ཞིག་ལ་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་ Pfizer/BioNTech ཡི་འགོག་ཁབ་དེ་ཛ་དྲག་ཁོ་ན་ཐོག་ནས་ཆོག་མཆན་སྤྲད་པ་ཞིག་རེད། ཚོད་ལྟ་རིམ་པ་གསུམ་པ་དེ་ད་དུང་ཚར་ཡོད་མ་རེད། འོན་ཀྱང་ངང་སྒུག་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། དེ་ནི་རྒྱུན་ལྡན་མ་ཡིན་པའི་ཐོག་ནས་སྤྱོད་བཞིན་ཡོད་པ་རེད། གང་ཡིན་ཟེར་ན་ཨ་རི་དང་དབྱིན་ཡུལ་ལྟ་བུར་ཏོག་དབྱིབས་ན་ཚའི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་རྐྱེན་གྱིས་ཁོང་ཚོས་དུས་ཡུན་རིང་པོ་སྒུག་ཐུབ་ཀྱི་ཡོད་མ་རེད། དེ་ལ་རྒྱུ་མཚན་ཡོད་པ་རེད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་ནང་འགོག་ཁབ་ག་དུས་འགོ་འཛུགས་བྱ་རྒྱུ་ཡིན་ནམ།
ཉེ་ཆར་སིཌ་ནི་ནང་ཏོག་དབྱིབས་ན་ཚ་སླར་ཡང་མ་འཕར་གོང་དེར་ཆེད་མཁས་པ་ཨེ་སི་ཊར་མན་ Esterman ལགས་ཀྱིས་ང་ཚོའི་གསོ་དཔྱད་རྒྱུ་ཆ་དོ་དམ་ལྷན་ཁང་གི་འགོ་ཁྲིད་ཚོས་བརྟག་དཔྱད་ཀྱི་གྲུབ་འབྲས་ཆ་ཚང་མ་ཐོན་བར་ངང་སྒུག་བྱེད་ནས། ཚད་ལྡན་ཁུངས་འཕེལ་བྱུང་རྗེས་ད་གཟོད་འགོག་ཁབ་འགོ་འཛུགས་གནང་རྒྱུ་གལ་ཆེན་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ཁོང་གིས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༣ པའི་ནང་ Pfizer/BioNTech ཡིས་བཟོས་པའི་འགོག་ཁབ་དེ་ལ་རེ་བ་ཆེ་ཤོས་རྒྱག་གི་ཡོད་འདུག
འགོག་ཁབ་ཐོག་མར་སུ་ལ་རག་གི་རེད་དམ།
ཨོ་སི་ཊོ་ལི་ཡའི་གསོ་རིག་ལག་བསྟར་འགན་འཛིན་པལ་ཁེ་ལེ་ Paul Kelly ལགས་ཀྱིས་འགོག་ཁབ་དེ་དགོས་གལ་ཆེ་བའི་སྡེ་ཚན་ཆ་བགོས་ཀྱིས་ཐོག་མར་ལོ་ན་རྒན་པ་དང་། དེ་བཞིན་འཕྲོད་བསྟེན་དཀའ་ངལ་ཡོད་རིགས་ལ་ཐོག་མར་རྒྱག་རྒྱུ་གཏན་འཁེལ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཁོང་གིས་འཕྲོད་བསྟེན་ཚན་པ་དང་རྒས་གསོ་ཁང་སོགས་སུ་ལས་ཀ་བྱེད་མཁན་རྣམས་ལ་ཏོག་དབྱིབས་ནད་དུག་འགོས་པའི་ཉེན་ཁ་ཆེ་བ་ཡོད་སྟབས་རིམ་པ་གཉིས་པའི་ཐོག་འགོག་ཁབ་རྒྱག་རྒྱུ་དང་། དེ་རྗེས་རིམ་པར་ཛ་དྲག་ཞབས་ཞུ་སྡེ་ཚན་ཁག་དང་དགོས་གལ་ཆེ་བའི་ལས་མི་རྣམས་ལ་རྒྱག་དགོས་སྐོར་གསུངས་འདུག
ཨོ་སི་ཊོ་ལི་ཡས་ཏོག་དབྱིབས་འགོག་ཁབ་གང་ཞིག་མངག་ཉོ་བྱས་ཡོད་དམ།
ཁུན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་གིས་བཟོ་བཞིན་པའི་འགོག་ཁབ་དེ་སྐྱུར་བཞག་ནའང་། ཨོ་སི་ཊོ་ལི་ཡ་གཞུང་ལ་ད་ལྟའི་ཆར་འགོག་ཁབ་མ་འདྲ་བ་ཁག་གསུམ་བདམ་ག་ཡོད་འདུག མི་རེར་འགོག་ཁབ་གཉིས་རེ་དགོས་ཀྱི་ཡོད་སྟབས་མི་འབོར་ས་ཡ་ ༢༥ ལ་མདང་ངེས་ཀྱི་སྨན་ཁབ་དགོས་ཀྱི་ཡོད་པ་རེད།
ཟླ་བ་འདིའི་ནང་ཨོ་སི་ཊོ་ལི་ཡ་གཞུང་གིས་ཨོ་སི་པོ་ཌི་གཙུག་ལག་སློབ་གཉེར་ཁང་དང་ AstraZeneca སྨན་རྫས་བཟོ་ཚོང་ཁང་གཉིས་ཀྱིས་བཟོ་བཞིན་པའི་ཏོག་དབྱིབས་འགོག་ཁབ་གྲངས་ས་ཡ་ ༣༣་༨ ནས་ས་ཡ་ ༥༣་༨ བར་མངག་ཉོ་བྱ་རྒྱུ་ཐག་གཅོད་བྱས་ཡོད་འདུག ས་གནས་གང་སར་ནས་སྨན་ཁབ་དེས་བརྒྱ་ཆ་ ༩༠ ཙམ་ཕན་འབྲས་ཐོན་གྱི་ཡོད་སྐོར་གསལ་ཡོད།
མཁས་དབང་ཨེ་སི་ཊར་མན་ Esterman ལགས་ཀྱིས་སྨན་ཁབ་དེ་ chimpanzee virus ཞེས་མི་རྒོད་ཀྱི་ནད་འབུར་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་དེས་མི་ལ་གནོད་འཚེ་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་འདུག
མེལ་བྷོན་ནང་ཨོ་སི་ཊོ་ལི་ཡའི་སྐྱེ་ལྡན་ཚན་རྩལ་བཟོ་ཚོང་ཁང་ CSL ཞེས་པས་སྨན་ཁབ་གྲངས་ས་ཡ་ ༥༠ བཟོ་གཏན་འཁེལ་ཡོད་འདུག་པ་དང་། ཐོན་བསྐྱེད་བརྒྱུད་རིམ་འགོ་འཛུགས་བྱས་ཚར་ཡོད་ཀྱང་དངོས་སུ་སྤྱད་པར་ AstraZeneca སྨན་རྫས་བཟོ་ཚོང་ཁང་ནས་ཚད་ལོངས་བཀའ་ཁྲོལ་ངེས་པར་དུ་སྒུག་དགོས་ཀྱི་ཡོད་འདུག
བདམ་ཁ་གཞན་ཞིག་ནི་ཨ་རིའི་སྨན་ཁབ་བཟོ་ཚོང་ཁང་ Novavax ནས་ཐོན་བསྐྱེད་བྱེད་བཞིན་པའི་སྨན་ཁབ་གྲངས་ས་ཡ་ ༥༡ དེ་ཡིན་ཞིང་། སྨན་ཁབ་དེ་ད་དུང་ཚོད་ལྟ་རིམ་པ་གསུམ་པའི་ནང་འགྲོ་བཞིན་ཡོད་འདུག
མཁས་དབང་ཨེ་སི་ཊར་མན་ Esterman ལགས་ཀྱིས་སྨན་ཁབ་དེར་“protein vaccine” ཞེས་(ལུས་ཀྱི་སྐྱེ་ལྡན་ཕྲ་ཕུང་གྲུབ་པར་མེད་དུ་མི་རུང་བའི་ཟས་བཅུད་ཀྱི་ཆ་ཤས་ཤིག་) སྤྲི་དཀར་སྨན་ཁབ་ཟེར་ཞིང་། ཐབས་ཤེས་དང་ཚོད་ལྟ་སྣ་ཚོགས་བརྒྱུད་ལོ་རྗེས་མའི་ནང་ལེགས་གྲུབ་ཡོང་རྒྱུའི་རེ་བ་ཡོད་པ་རེད། ཁོང་ཚོས་ཚོད་ལྟ་རིམ་པ་གསུམ་པ་དེ་གཞི་ནས་འདི་ལོ་ཕྱི་ཟླ་ ༩ པའི་ནང་འགོ་འཛུགས་བྱས་ཡོད་ཅིང་ཉུང་མཐར་ལོ་རྗེས་མའི་ཕྱི་ཟླ་ ༥ པ་ནས་ ༦ པ་བར་འགོར་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ཨོ་སི་ཊོ་ལི་ཡར་འབྱོར་བའི་ Pfizer/BioNTech ཡི་ཁྱོན་སྨན་ཁབ་གྲངས་ས་ཡ་ ༡༠ དེས་ཕན་ནུས་ཐོན་ཚད་བརྒྱ་ཆ་ ༩༥ ཟིན་གྱི་ཡོད་འདུག སྨན་སྦྱོར་དེ་གསར་པ་ཡིན་པ་དང་དེ་སྔོན་སྨན་ཁབ་ལ་བེད་སྤྱོད་རྩ་བ་ནས་བཏང་མྱོངས་མེད་པ་རེད་འདུག སྨན་ཁབ་དེའི་ཚན་རྩལ་མིང་ལ་ mRNA ཞེས་འབོད་ཀྱི་ཡོད་ཅིང་། སྨན་ཁབ་དེ་ཐེངས་གཉིས་ལ་རྒྱག་དགོས་ཀྱི་ཡོད་སྟབས་ཨོ་སི་ཊོ་ལི་ཡའི་མི་གྲངས་ས་ཡ་ ༥ ལ་མ་གཏོགས་འདང་གི་མེད་པ་རེད།
ཨོ་སི་ཊོ་ལི་ཡའི་སྨན་རྫས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཌོ་ཊར་ཆཱ་རེ་སི་མུའེ་ Dr Chris Moy ལགས་ཀྱིས་དཔེར་ན་སྒོ་ང་ཚང་མ་སླེ་པོ་གཅིག་གི་ནང་བཅུག་ཐབས་མེད་པ་ལྟར་འགོག་ཁབ་བཟོ་ཚོང་ཁང་གསུམ་གྱི་འདང་ངེས་ཆགས་ཀྱི་མེད་སྟབས་ཨོ་སི་ཊོ་ལི་ཡ་གཞུང་གིས་ཉུང་མཐར་རྒྱལ་སྤྱིའི་འགོག་ཁབ་བཟོ་ཚོང་ཁང་ཁག་ལྔ་དྲུག་ཅིག་དང་འབྲེལ་བ་བྱེད་དགོས་སྐོར་གསུངས་འདུག
Pfizer གྱིས་བཟོས་པའི་སྨན་ཁབ་དེ་ཉར་ཚགས་བྱ་རྒྱུ་ཁག་པོ་ཡོད་དམ།
Pfizer ཕེ་ཛར་གྱིས་བཟོས་པའི་སྨན་ཁབ་དེ་ཉར་ཚགས་བྱ་རྒྱུ་ཁག་པོ་ཡོད། རྟགས་ཏུ་ཉུར་མཐར་གྲངས་ཚད་ཀླད་ཀོ་འོག་གི་ཨང་གྲངས་ ༧༠ དགོས་ཀྱི་ཡོད། དེ་ཉར་ཚགས་བྱེད་ས་དམིགས་བསལ་དགོས་ཀྱི་ཡོད། eskies རིགས་ཀྱི་འཁྱག་སྒམ་དེ་འདྲ་དགོས་ཀྱི་ཡོད་སྐོར་མཁས་དབང་མཁས་དབང་ཨེ་སི་ཊར་མན་ Esterman ལགས་ཀྱིས་འགྲེལ་བརྗོད་གནང་འདུག ཨོ་སི་ཊོ་ལི་ཡས་དེ་ལྟར་བུའི་ལག་ལེན་ཞིག་ཡོང་གི་ཡོད་མེད་ཐད་ཁོང་གིས་ཨོ་སི་ཊོ་ལི་ཡས་ད་ལྟ་ལག་ལེན་ཡོངས་སུ་འཁེལ་ཡོད་སྐོར་གསུངས་འདུག
ཕེ་ཛར་གྱིས་དམིགས་བསལ་འཁྱག་སྒམ་བརྒྱུད་སྨན་ཁབ་དེ་དག་ཨོ་སི་ཊོ་ལི་ཡའི་ནང་གཏོང་བཞིན་ཡོད་པ་དང་། འོན་ཀྱང་ད་དུང་དཀའ་ངལ་གཞན་ཞིག་ཡོད་པ་ནི་སྨན་ཁབ་དེ་དག་དབོར་འདྲེན་སྐབས་ཚ་གྲང་སྙོམ་བྱེད་ཀྱི་ཡོ་ཆས་ཀྱང་མཉམ་དུ་དགོས་ཀྱི་ཡོད་འདུག་ཀྱང་། དེའི་རིགས་ཨོ་སི་ཊོ་ལི་ཡའི་ནང་བཀོད་སྒྲིག་ལ་དེ་ཙམ་དཀའ་ངལ་མེད་པ་རེད་འདུག
mRNA ཞེས་པའི་སྨན་ཁབ་དེ་ཨོ་སི་ཊོ་ལི་ཡའི་ནང་ཐོན་བསྐྱེད་བྱེད་ཐུབ་ཀྱི་མེད། གང་ཡིན་ཟེར་ན་ཁོང་ཚོས་ཚན་རིག་ལག་རྩལ་གསར་པ་ཞིག་སྤྱོད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཁུན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་ UQ དང་ CSL གཉིས་ཀྱིས་བཟོས་པའི་སྨན་ཁབ་དེ་ག་རེ་ཆགས་ཀྱི་ཡོད་དམ།
ཨོ་སི་ཊོ་ལི་ཡའི་ནང་སྔོན་ཐོན་དུ་འགྲོ་བཞིན་པའི་ཁུན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་ UQ དང་ CSL གཉིས་ཀྱིས་བཟོ་བཞིན་པའི་སྨན་ཁབ་དེ་ HIV རེག་དུག་བརྟག་དཔྱད་ཚོད་ལྟ་ལམ་ལྷོང་མ་བྱུང་བས་རྐྱེན་གྱིས་ཟླ་བ་འདིའི་ནང་འགྲན་རྩོད་ནས་བཙན་གྱིས་ཕྱིར་འཐེན་བྱེད་དུ་བཅུག་ཡོད། འོན་ཀྱང་སིཌ་ནི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Robert Booy ལགས་ཀྱིས་ HIV རེག་དུག་གནོད་འཚེ་ཐེབས་པའི་ཉེན་ཁ་མེད་སྐོར་འགྲེལ་བརྗོད་གནང་འདུག
ཁུན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་དང་ CSL ཡི་སྨན་ཁབ་དེ་ལམ་ལྷོང་མ་བྱུང་དུས་ག་རེ་བྱེད་ནས་ཉེན་བརྡ་གཏང་མེད་པ་ཡིན་ནམ།
འོན་ཀྱང་ཚན་རིག་པ་ཚོས་སྨན་ཁབ་དེ་བདེ་འཇགས་ཡིན་རུང་ད་དུང་ HIV རེག་དུག་གི་ནད་རྟགས་ཐོན་ནས་ལམ་ལྷོང་མ་བྱུང་དུས་ཨོ་སི་ཊོ་ལི་ཡའི་ HIV རེག་དུག་བརྟག་དཔྱད་ལས་གཞི་དང་། ཁྲག་གི་ཞལ་འདེབས། དེ་བཞིན་མི་མང་མཉམ་ཞུགས་དང་གདེང་ཚོད་ལ་ཤུགས་རྐྱེན་ཐེབས་སྲིད་ཀྱི་ཡོད་འདུག
འགོག་ཁབ་རག་དུས་ཨོ་སི་ཊོ་ལི་ཡའི་མི་རྣམས་ག་རེ་བསམ་གྱི་ཡོད་དམ།
སྨན་ཁབ་མང་ཆེ་བའི་འགྲན་རྩོད་ལམ་ལྷོང་ཡོང་གི་ཡོད་སྟབས། མི་མང་པོ་ཞིག་གིས་གནས་ཚུལ་བཟང་པོ་ཞིག་དང་རེ་བ་མཐོང་གི་ཡོད། མེལ་བྷོན་ནས་ཡིན་པའི་སྤྱིར་བཏང་སྨན་པ་ཨ་བྷེ་ཤཱ་ཁེ་ཝིར་མཱ་ Abhishek Verma ལགས་ཀྱིས་འགོག་ཁབ་དེ་བདེ་འཇགས་ཡིན་མིན་དང་། འགན་འཁུར་ཅན་ཞིག་ཡིན་མིན། མངོན་དུ་མ་གྱུར་བའི་ཉེན་ཁ་ཅན་ཞིག་ཡིན་མིན་སོགས་ང་ཚོར་དྲི་བ་མང་པོ་ཞིག་སླེབས་ཀྱི་ཡོད་སྐོར་གསུངས་འདུག
ཆེད་མཁས་པ་ཚོས་ཏོག་དབྱིབས་ནད་དུག་འགོག་ཁབ་སྐོར་ཉེན་ཚབས་ཆེ་བའི་གནས་ཚུལ་རྫུན་མ་ཐད་ཉེན་བརྡ་བཏང་འདུག
འགོག་ཁབ་ལེགས་གྲུབ་འགྲན་རྩོད་ཀྱི་ཁྲོད་ནས་ས་ཁུག་ལུང་ཁུག་དེ་ཚོར་འགོག་ཁབ་ཐད་གནས་ཚུལ་ལོག་པ་རག་པའི་ཉེན་ཁ་ཡོད་པ་དང་། ནད་པ་རྣམས་སེམས་འཚབ་ག་རེ་ཡོད་མེད་ཐད་ཁ་གསང་པོས་བགྲོ་གླེང་དགོས་པས་མ་ཚད། གོ་སྐབས་འདིའི་ཐོག་ནས་འཕྲོད་བསྟེན་ལྷན་ཁང་དང་ཚོད་ལྟའི་སྨན་དཔྱད་ཁང་ཚང་མ་ནས་ཡིག་ཆ་རག་ཐབས་བྱེད་ནས། ང་ཚོས་དཔངས་རྟགས་འཁུལ་འཕེལ་དང་ལྷན་དུ་འགོག་ཁབ་ཀྱིས་ཕན་ནུས་དང་བདེ་འཇགས་འགན་ལེན་བྱེད་དགོས།
འདི་ལོ་ཕྱི་ཟླ་ ༡༡ པའི་ནང་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་ན་གཞོན་གྲངས་ ༣༠༦༡ ལ་འགོག་ཁབ་སྐོར་དཔྱད་ཞིབ་བྱས་པའི་གྲུབ་དོན་དུ། ན་གཞོན་བརྒྱ་ཆ་ ༥༨་༥ ཡིས་ང་ཚོ་ལ་ངེས་པར་དུ་འགོག་ཁབ་རག་དགོས་ཀྱི་ཡོད་སྐོར་དང་། ཡང་ན་གཞོན་བརྒྱ་ཆ་ ༦ ཙམ་གྱིས་ང་ཚོ་ལ་འགོག་ཁབ་དགོས་དོན་མེད་ཅེས་ལན་འདེབས་བྱས་འདུག
ཨོ་སི་ཊོ་ལི་ཡའི་ནང་ཚོགས་སྡེ་ཁག་བྱེད་སྒོ་དེའི་ནང་མཉམ་ཞུགས་གྲ་སྒྲིག་ཡོད་དམ།
སྨན་པ་ Dr Verma ལགས་ཀྱིས་གསར་དུ་གཞིས་སྤོས་ཡོང་མིའི་ཚོགས་སྡེ་ཁག་རྒྱུན་དུ་སྐད་ཡིག་གི་དཀའ་ངལ་དང་། རིག་གཞུང་ཐོག་ནས་འོས་འཚམ་གྱི་འཕྲོད་བསྟེན་འགན་ལེན་བདམ་ག་ཇི་བཞིན་མ་རག་པ་སོགས་ཀྱིས་ཁོང་ཚོ་རྒྱུན་དུ་སྐད་ཆ་འདི་ལས་ལོགས་སུ་ལྷག་ནས་བསྡད་ཡོད་པ་རེད།
ཁོང་ཚོ་རིག་གཞུང་གི་ཐོག་ནས་མཚམས་རེར་འདི་ལྟ་བུའི་གཞི་རྩའི་འཕྲོད་བསྟེན་ལྟ་སྐྱོང་རག་གི་མེད་སྟབས། ངའི་བསམས་པར་ཁོང་ཚོ་དམིགས་བསལ་དཀའ་ངལ་ཞིག་རེད་འདུག་བསམས་ཀྱི་ཡོད། གང་ཡིན་ཟེར་ན། ཁོང་ཚོ་གནས་ཚུལ་ཚད་ལྡན་ཏག་ཏག་ཅིག་རག་གི་ཡོད་པ་མ་རེད། དེར་བརྟེན་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ཀྱི་ཚོགས་སྡེ་ནས་ཏོག་དབྱིབས་ནད་དུག་འགོས་ཁྱབ་སྐབས་གཞུང་དང་མངའ་སྡེ་ལ་གནས་ཚུལ་འབྲེལ་གཏུགས་ཚད་ལྡན་མ་བྱུང་བའི་སྐྱོན་བརྗོད་བྱས་ཡོད།
སྐབས་རེར་ཡིག་སྒྱུར་ཚད་ལྡན་མ་བྱུང་བ་དང་། རིག་གཞུང་སྣ་ཚོགས་ནས་འགན་འཁུར་འཐུས་ཚབ་ཚད་ལྡན་མ་བྱུང་བས་ནད་འབུ་ཐད་གཞུང་འབྲེལ་གྱི་གནས་ཚུལ་ཚད་ལྡན་མ་རག་པའི་དཀའ་ངལ་འཕྲད་ཡོད་ཅེས་གསུངས་འདུག
ཝི་ཊོ་རི་ཡའི་ནང་ཡོད་པའི་ཁ་ཆེ་བདེ་དོན་ཚོགས་པའི་མགྲིན་ཚབ་པ་ཨ་ཌལ་སལ་མན་ Adel Salman ལགས་ཀྱིས་ཏོག་དབྱིབས་འགོག་ཁབ་ཐད་དྲ་ཐོག་ཏུ་གནས་ཚུལ་རྫུན་མ་མང་པོ་ཞིག་ཐོན་བཞིན་འདུག འགོག་ཁབ་ཐད་གནས་ཚུལ་རྫུན་མའི་དཀའ་ངལ་དེ་ཨོ་སི་ཊོ་ལི་ཡའི་ནང་གྲངས་ཉུང་མི་རིགས་གཅིག་པུའི་དཀའ་ངལ་མིན་པར། མི་ཚང་མར་དཀའ་ངལ་གཅིག་མཚུངས་སུ་འཕྲད་བཞིན་འདུག
ངའི་བསམས་པར་འགོག་ཁབ་ཐད་གནས་ཚུལ་བདེན་པ་ཁྱབ་བསྒྲགས་ཤུགས་སྣོན་རྒྱག་དགོས་ཀྱི་འདུག གང་ཡིན་ཟེར་ན། མི་མང་པོ་ཞིག་གནས་ཚུལ་དེའི་ཐད་དངངས་སྐྲག་ཡོད་པ་རེད། ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་འགོག་ཁབ་ལག་བསྟར་མ་བྱས་སྔོན་དུ་གནས་ཚུལ་འགྲེལ་བརྗོད་འགོ་འཛུགས་བྱེད་དགོས་ཀྱི་འདུག་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་ནང་ཚོགས་སྡེ་ཁག་གི་ཡིག་སྒྱུར་བ་ཚོས་ཏོག་དབྱིབས་ནད་དུག་སྐོར་ཡིག་འབྲུ་རེ་རེར་འཐབ་རྩོད་ཐེངས་རེར་བྱེད་དགོས་ཀྱི་ཡོད།
ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་གྷེ་རེག་ཧང་ཊི་ Greg Hunt ལགས་ཀྱི་མགྲིན་ཚབ་པས་ཨོ་སི་ཊོ་ལི་ཡ་གཞུང་གིས་རིག་གཞུང་སྣ་ཚོགས་ཀྱི་ཚོགས་པ་ཁག་ལ་ཏོག་དབྱིབས་ནད་དུག་དང་། འགོག་ཁབ་སྐོར་གནས་ཚུལ་གོ་རྟོགས་སྤེལ་རྒྱུ་དང་འབྲེལ་གཏུགས་ཐད་མུ་མཐུད་རྒྱབ་སྐྱོར་གནང་འཆར་ཡོད་སྐོར་དང་། ལྷག་པར་དུ་ཨོ་སི་ཊོ་ལི་ཡ་གཞུང་གིས་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ཀྱི་ཚོགས་སྡེ་ཁག་གི་ཏོག་དབྱིབས་སྐོར་སློབ་སྟོན་ཚོགས་ཆུང་བཙུགས་ཡོད་པས་མ་ཚད། ཟླ་བ་འདིའི་ནང་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དཀའ་རྙོག་ག་རེ་འཕྲད་སྲིད་དམ།
ཁུན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་གི་འགོས་ནད་སྐོར་ཆེད་མཁས་པ་པལ་གྷ་རེ་པིན་ Paul Griffin ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་འགོག་ཁབ་ལག་བསྟར་ལ་དཀའ་རྙོག་འཕྲད་སྲིད་སྐོར་གསུངས་འདུག
ཁོང་གིས་ངའི་བསམས་པར་ལག་ལེན་གྱི་འཐབ་བྱུས་དང་དེ་བཞིན་བློ་ཐག་མ་ཆོད་པ་བཅས་གཙོ་བོར་གནད་དོན་གཉིས་ཀྱི་ཐོག་ནས་ང་ཚོར་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། དེའི་ཐད་ད་དུང་གླེང་སློང་འདང་ངེས་ཤིག་ཆགས་ཀྱི་ཡོད་མེད་ངས་ཤེས་ཀྱི་མི་འདུག་ཅེས་གསུངས་འདུག
འགོག་ཁབ་ཀྱིས་ཕན་ཐོགས་ཡོད་དམ།
ཌོ་ཊར་མུའེ་ལགས་ཀྱིས་འགོག་ཁབ་ཀྱི་ལས་རིམ་དེའི་ཐད་དུས་ཡུན་ཐུང་ངུའི་དམིགས་ཡུལ་དང་དུས་ཡུན་རིང་པོའི་དམིགས་ཡུལ་ཐད་གསལ་པོ་བཟོ་དགོས་ཀྱི་འདུག
ང་ཚོས་ད་དུང་འགོག་ཁབ་ཀྱིས་ཁྱེད་རང་ནད་འབུ་གང་འདྲ་བྱེད་ནས་བཀག་གི་ཡོད་མེད་དང་གཞན་ལ་བགོས་ཁྱབ་གང་འདྲ་བྱེད་ནས་བཀག་གི་ཡོད་མེད་གསལ་པོ་ཤེས་ཀྱི་ཡོད་པ་མ་རེད། གནད་དོན་གཅིག་ལ་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་རུང་གཞན་དེ་ལ་དེ་ལྟར་བུའི་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་མེད་བཤད་ཁག་པོ་རེད། ང་ཚོས་མི་སྒེར་གཅིག་ནད་འབུ་ལས་སྲུང་སྐྱོབ་ཆེད་དུ་མིན་པར་སྤྱི་ཚོགས་ནང་ནད་འབུ་འགོས་ཁྱབ་བཀག་འགོག་བྱ་རྒྱུ་དེ་རེད། སྨན་ཁབ་དེ་ཚོ་ཚང་མས་གནད་དོན་ཁ་ཤས་ཐོག་ནས་ཁ་མཚོན་གཅོད་ཐུབ་རྒྱུ་ཞིག་མིན་པས་མ་ཚད། ནུས་པ་དེ་དུས་ཡུན་ག་ཚོད་བར་གནས་ཐུབ་ཀྱི་ཡོད་མེད་བལྟ་དགོས་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག
ང་ཚོས་ག་དུས་གནས་ཚུལ་མང་བ་ཤེས་རྟོགས་ཡོང་གི་རེད་དམ།
མཁས་དབང་ཁེ་ལའེ་ Kelly ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་ཏོག་དབྱིབས་འགོག་ཁབ་ལག་བསྟར་ཐད་ཞིབ་ཕྲ་གནས་ཚུལ་ཆ་ཚང་ཕྱི་ཟླ་ ༡ པོའི་ནང་མི་མང་ལ་འགྲེལ་བརྗོད་གསལ་བསྒྲགས་བྱ་རྒྱུ་རེད་ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་ནང་རྣམས་ངེས་པར་དུ་མི་གཞན་ལས་བར་ཐག་རྨིད་ ༡་༥ བཞག་དགོས་པ་དང་། ཁྱེད་རང་གི་ས་གནས་སུ་དམ་བསྒྲགས་དང་འདུ་འཛོམས་ཚད་བཀག་སྐོར་རྒྱུན་དུ་ཞིབ་འཇུག་བྱེད་དགོས། གལ་སྲིད་ཁྱེད་རང་ཆམ་པ་དང་རིམས་ཆམ་གྱི་ནད་རྟགས་ཐོན་ཚེ་ནང་ལ་བསྡད་ནས་ཁྱེད་རང་གི་སྨན་པར་ཁ་པར་གཏོང་བའམ་ཡང་ན་ཛ་དྲག་ཏོག་དབྱིབས་འཕྲོད་བསྟེན་འབྲེལ་གཏུགས་ཁ་པར་ཨང་གྲངས་ 1800 020 080 ཐོག་འབྲེལ་བ་གནང་དགོས།
SBS གསར་ཁང་གི་གསར་འགྱུར་དང་ཏོག་དབྱིབས་ནད་དུག་སྐོར་སྐད་ཡིག་ཁག་ ༦༣ ནང་ཡོད་ཅིང་བོད་ཡིག་ཐོག་དྲ་ཚིགས་འདི་ནས་གཟིགས་
ཁྱེད་རང་སྡོད་སའི་ས་གནས་མངའ་སྡེ་དང་ས་ཁུལ་གྱི་གནས་ཚུལ་ཁག་སོ་སོ་འདི་ནས་གཟིགས་ , , , , , , , .