ཨོ་སི་ཊོ་ལི་ཡས་ TikTok བཀག་འགོག་བྱེད་དགོས་མིན་ཐད་བསམ་གཞིག

རྒྱ་ནག་གི་བཟོ་ཚོང་ཁང་བྷ་ཊིས་ཌན་སི་ ByteDance ཡིས་བཟོས་པའི་ཊིད་ཊོབ་ TikTok དང་ཡང་ན་རྒྱ་སྐད་ཐོག་ཏུའུ་ཡེན་ 抖音 ཞེས་པའི་མཉེན་ཆས་དེ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་སྐོར་དང་། མཉེན་ཆས་དེའི་ཐོག་ནས་མི་སྒེར་དང་། ཚོགས་སྡེ། རྒྱལ་ཁབ་ཀྱི་གསང་བ་བརྐུ་འཁྱེར་བྱེད་བཞིན་ཡོད་པའི་དོག་གཞི་འོག མཉེན་ཆས་དེ་རྒྱ་གར་སོགས་རྒྱལ་ཁབ་ཁག་ཅིག་གིས་དེ་སྔོན་ནས་བཀག་འགོག་བྱས་ཡོད་པས་མ་ཚད། ཨ་རི་དང་དབྱིན་ཇི་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ཀྱང་མཉེན་ཆས་དེར་ཞིབ་འཇུག་དང་བཀག་བསྡོམས་འགོ་འཛུགས་བྱེད་བཞིན་ཡོད་པ་རེད།

Tiktok.jpg
ད་ཆ་ཨོ་སི་ཊོ་ལི་ཡ་གཞུང་གིས་ཀྱང་ཊིད་ཊོབ་ TikTok དེ་གཏན་འགོག་བྱེད་དགོས་མིན་ཐད་བསམ་གཞིག་དང་ལྷག་པར་དུ་ཨ་རིའི་བྷན་ཌན་སྲིད་གཞུང་གི་འགུལ་བསྐྱོད་ལ་ཐག་ཉེ་ས་ནས་བལྟས་ནས་བསྡད་ཡོད། མཉེན་ཆས་དེ་ཨོ་སི་ཊོ་ལི་ཡའི་གཞུང་གི་ལས་དོན་དང་འབྲེལ་བའི་ཁ་པར་ཁག་གི་ནང་བཀག་འགོག་བྱེད་མུས་ཡིན།

མཉེན་ཆས་དེའི་ཡིག་ཚགས་རྒྱ་ནག་གཞུང་གིས་བལྟ་ཀློག་བྱེད་ཐུབ་ཀྱི་ཡོད་པའི་དོག་གཞི་འོག མི་སྒེར་གྱི་ཁ་པར་ནང་མཉེན་ཆས་དེ་ནང་འཇུག་བྱས་ཡོད་ཚེ་བདེ་འཇགས་མིན་པར་བརྟེན། ད་ཆ་ཨོ་སི་ཊོ་ལི་ཡའི་གཞུང་གི་ལས་ཁུངས་སྡེ་ཚན་ཁག་གི་ནང་མཉེན་ཆས་དེ་བཀག་འགོག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

ཁེན་བྷེ་ར་དུས་བབ་ The Canberra Times ཞེས་པའི་གསར་ཁང་དེས་སྤེལ་བའི་གནས་ཚུལ་ནང་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་གཞུང་འབྲེལ་གྱི་ངོ་ཚབ་ལས་ཁུངས་ཁག་ ༡༤༠ ཙམ་གྱི་ནང་ཧ་ལམ་ཕྱེད་ཀ་ཙམ་གྱིས་གཞུང་ལ་དབང་བའི་ཁ་པར་སོགས་ཀྱི་ནང་མཉེན་ཆས་དེ་བཀག་འགོག་བྱས་ཚར་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་ནང་སྲིད་བློན་ཆེན་ཁེ་ལར་ཨོ་ནེལ་ Clare O’Neil ཡིས་རེ་སྐུལ་འོག་ད་ཆ་ཨོ་སི་ཊོ་ལི་ཡ་ནང་སྲིད་ལྷན་ཁང་གིས་དམིགས་བསལ་མཉེན་ཆས་དེ་གཅིག་པུའི་སྐོར་ཞིབ་འཇུག་བྱེད་མུས་ཡིན་པ་དང་། སྙན་ཐོ་དེ་བཞིན་འདི་ལོའི་དུས་ཚིགས་དང་པོའི་ནང་འབུལ་དགོས་ཀྱི་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་དྲ་བའི་བདེ་འཇགས་ཉམས་ཞིབ་པ་དགེ་རྒན་ཆེན་མོ་ཝ་ནེ་སཱ་ཊེ་གྷུ་ Prof Vanessa Teague ལགས་ཀྱིས་ངའི་བསམས་པར་ཊིད་ཊོབ་གཅིག་པུ་ཉེན་ཁ་ཅན་དང་ཨ་རིའི་བཟོ་ཚོང་ཁང་ཁག་གིས་བཟོས་པ་དེ་ཚོ་ཡག་པོ་རེད་བསམས་ཀྱི་མི་འདུག དེ་ཚོ་ཚང་མ་ཡག་པོ་ཡོད་མ་རེད། དཔེར་ན་ཀུ་ཤུ་ Apple དང་གྷུ་གྷལ་ google སོགས་ཀྱིས་ས་གནས་དང་འབྲེལ་གཏུགས་གནས་ཚུལ་སོགས་ཀྱི་ཆེད་སྤྱི་ཚོགས་བརྒྱུད་ལམ་མཉེན་ཆས་མང་པོ་བཟོས་ཡོད་པས། མཉེན་ཆས་དེ་དག་བརྒྱུད་ཁོང་ཚོས་སྤྱོད་མཁན་རྣམས་ཀྱི་གནས་ཚུལ་མང་པོ་ཞིག་བསྡུ་རུབ་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་ NSW མངའ་སྡེ་གཞུང་གིས་མངའ་སྡེའི་ནང་སྤྱི་པའི་ཚོགས་སྡེ་ཁག་གི་ནང་ལས་ཀའི་སྒྲིག་ཆས་ཁག་གི་ནང་ TikTok བཀག་འགོག་བྱེད་དགོས་མིན་ཐད་བསམ་གཞིག་བྱེད་མུས་ཡིན་ཡང་ད་ལྟའི་ཆར་ཁྲིམས་ཐོག་གཏན་འབེབས་གང་ཡང་བྱས་མེད་པ་རེད།

ཉེ་ཆར་ཨ་རིས་རྒྱ་ནག་གི་མཉེན་ཆས་དེའི་ཐོག་འགུལ་བསྐྱོད་བྱས་རྗེས་སུ་དབྱིན་ཇིས་ཀྱང་གཞུང་གི་ཁ་པར་ཁག་གི་ནང་མཉེན་ཆས་དེ་བཀག་འགོག་དང་། ཡང་ཨོ་སི་ཊོ་ལི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ནིའུ་ཛི་ལན་ཌིས་ཀྱང་གྲོས་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་ཁ་པར་ཁག་གི་ནང་མཉེན་ཆས་དེ་བཀག་འགོག་བྱས་ཡོད་འདུག

ད་ལྟའི་ཆར་འཛམ་གླིང་ཁྱོན་ལ་ཊིད་ཊོབ་ Tiktok མཉེན་ཆས་དེ་ཟླ་བ་རེར་བེད་སྤྱོད་བྱེད་མཁན་ཁྱོན་མི་གྲངས་ཐེར་འབུམ་ ༡ བརྒལ་བཞིན་ཡོད་པ་དང་། ངོ་དེབ་བེད་སྤྱོད་བྱེད་མཁན་ཐེར་འབུམ་ ༢་༩ དང་། ཡུབ་ཊོབ་སྤྱོད་མཁན་ཐེར་འབུམ་ ༢་༢ ཙམ་ཡོད་འདུག

༢༠༢༢ ལོར་སྙན་ཐོར་ལྟར་ན་ཨོ་སི་ཊོ་ལི་ཡའི་ནང་ TikTok སྤྱོད་མཁན་ཁྱོན་མི་གྲངས་ས་ཡ་ ༢་༨ ལྷག་ཡོད་འདུག



Share

Published

Updated

By Sangyal Dorjee
Source: SBS

Share this with family and friends